བོད་ལྗོངས་ཀྱིས་ནས་ཐོན་ལས་ཀྱི་རིམ་པ་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ཐེན་ཡུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཉེ་ཆར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་མུའུ་ཁྲི1གི་སྐྱེ་ལྡན་ནས་རྟེན་གཞི་ཐུན་མོང་ཐོག་སྐྲུན་རྒྱུ་དང་། ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་སྐྱེ་ལྡན་བཟའ་བཅའི་ཞོར་ཐོན་རིན་ཐང་མཐོ་རུ་བཏང་བ་བརྒྱུད་ཞིང་དུད500ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་བྱ་རྒྱུ་རེད།

རྟེན་གཞི་དེས་འཛམ་གླིང་གི་རྩེར་སོན་རིག་ནུས་ཅན་གྱི་སྒྲིག་ཆས་ཀྱི་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་ཏེ་ནས་ཀྱི་འཚོ་བཅུད་བདེ་ཐང་གི་གྲུབ་ཆ་དང་རྐྱེན་རྩར་ཞིབ་འཇུག་གཏིང་ཟབ་བྱེད་པ་བརྒྱུད་ནས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་དེ་ནས་ཀྱི་སྨི་ནུ་དང་། ནས་ཀྱི་བདེ་ཐང་མྱུར་ཟས་སོགས་རྩེར་སོན་གྱི་བཟའ་བཅར་དམིགས་རྒྱུ་རེད། གྲགས་ཅན་བཟའ་བཅའི་ཁེ་ལས་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་ཉོ་སྒྲུབ་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

རྟེན་གཞི་དེས་ཁྲོམ་རའི་རིན་གོང་ལས་མཐོ་བ་ལྟར་བརྩིས་ཏེ་ཞིང་པའི་ལག་ནས་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་མ་ཟད། ནས་ཀྱི་ཐོན་རྫས་རེ་བྲིན་རིམ་བཞིན་མ་དངུལ་གྱི་ཞལ་འདེབས་ངེས་ཅན་ཞིག་བརྒྱབ་ནས་ལྷུན་གྲུབ་རྫོང་གི་ཁྱིམ་ཚང་དབུལ་པོའི་བྱིས་པར་སློབ་སྐྱོར་རོགས་དངུལ་དང་། དེ་བཞིན་ནང་སའི་སྡེ་ཁུལ་གྱི་གཅིན་སྙི་ཟགས་ཁུའི་ནད་གཞིར་འོས་འགན་སྨན་བཅོས་དང་བདེ་ཐང་དོ་དམ་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོར་ཆེད་མངགས་སྤྱོད་རྒྱུ་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་ནས་ཀྱི་འཚོ་བཅུད་རིན་ཐང་དང་སྨན་བཅོས་བདེ་སྲུང་གི་ནུས་པ་སྔོག་འདོན་ནུས་ལྡན་ཐུབ་སྟེ། ནས་ཀྱི་ཐོན་རྫས་མང་པོ་ཞིག་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད། “ནས་ཀྱི་ཞོར་ཐོན་རིན་ཐང་མཐོ་རུ་བཏང་ནས་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་རྒྱུར་བློས་འགེལ་ཆོག་པའི་ཐབས་ལམ་ཞིག་མཁོ་འདོན་བྱས་ཡོད”ཅེས་ལྷུན་གྲུབ་རྫོང་གི་རྫོང་དཔོན་གཞོན་པ་ཀུའོ་གོ་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འབྲུ་རིགས་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་ཞོར་ཐོན་རིན་ཐང་ཆེ་བའི་ཞིང་ལས་ཐོན་རྫས་སུ་སྒྱུར་བ་བྱས་ཏེ་ཐོན་ལས་འཕེལ་རྒྱས་རིམ་པ་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཞིང་དུད་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།