ལྷོ་ཁའི་ཤིང་འཛུགས་ནགས་བཟོའི་ལས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་རིང་པོའི་ནང་།  ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ།  ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྱོང་དང་ཡར་ལྷ་ཤམ་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་ལས་ཀར་དམ་འཛིན་བྱས་ནས།  མཛེས་པའི་ལྷོ་ཁ་འཛུགས་སྐྱོང་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་ད་བར་ལྷོ་ཁ་བ་ཕ་ཚ་བུ་རྒྱུད་ཀྱིས་རྒྱུན་མཐུད་འབད་བརྩོན་བྱས་ཏེ།  ཡར་ཀླུང་གཙང་པོའི་གཞོགས་གཉིས་སུ་ཤིང་རྐང་ཁྲི་ཚོ4500ལྷག་ཙམ་བཙུགས་པ་དང་འགོག་སྲུང་ནགས་ཚལ་མུའུ་ཁྲི་ཚོ45བསྐྲུན་པས།  གོང་དཀར་རྫོང་ནས་ཟངས་རི་རྫོང་བར་རིང་ཚད་སྤྱི་ལེ160དང་ཆ་སྙོམས་ཞེང་ཚད་སྤྱི་ཁྲེ1800ཟིན་པའི་སྔོ་ལྗང་བར་ཁྱམས་ཞིག་བསྐྲུན་ཡོད།

2018ལོར་དཔྱིད་དུས་ཤིང་འཛུགས་བྱ་སྤྱོད་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱིས་ས་བབ་མཐོ་ཚད་སྤྱི་ཁྲེ4300ཡན་གྱི་གྲོང་ཚོ་དང་དུད་ཚང་ཚང་མའི་ཉེ་འགྲམ་དུ་ཤིང་རིགས་འདེབས་འཛུགས་བྱས་པ་དང་།  མཛེས་པའི་དཔེ་སྟོན་གྲོང་ཚོ༼ སྡེ་ཁུལ ༽ 15དང་སློབ་གྲྭ51དགོན་སྡེ94 བཅས་བཏོད་ནས་དེ་དག་གི་ཉེ་འཁོར་ལ་ཤིང་རྐང་ཁྲི་ཚོ25བཙུགས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་ལྗང་འགྱུར་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་འོས་འགན་ཤིང་འཛུགས་བྱེད་རྒྱུར་སྐུལ་སློང་བྱས་པ་དང་།  གྲོང་གསེབ་ཀྱི་མཐའ་འཁོར་དུ་ཤིང་འཛུགས་དང་ས་སྟོང་ལ་ཤིང་འཛུགས་ཀྱི་ལས་གཞི་ལག་ལེན་ཤུགས་ཆེན་བསྟར་ནས།  བོད་ལྗོངས་སུ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཐོག་མ་དེ་བཏོད་པ་དང་།  རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་གཉིས་དང་སྐྱེ་ཁམས་ཤང༼ གྲོང་རྡལ ༽ 57སྐྱེ་ཁམས་གྲོང་ཚོ337བཅས་བཏོད་པ་རེད།

2018ལོ་ཁོ་ནར་ལྷོ་ཁ་གྲོང་ཁྱེར་གྱིས་སྔ་ཕྱི་བསྡོམས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་ཚོ10.6དང་།  རི་བཀག་ནགས་བཟོ་མུའུ32000། བྱེ་སྐྱོན་འགོག་བཅོས་མུའུ67000བཅས་བྱས་པས་རྩེད་ཐང་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96%ཡན་ཟིན་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།