ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ཆུ་ཤུར་རྫོང་གི་དྲ་ཐོག་ཚོང་དོན་ལས་དོན་ལ་སྐུལ་འདེད་དང་འཕྲོད་བསྟེན་སྨན་བཅོས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས21ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་པའི་ལྗོངས་བརྟག་ཞིབ་ཚོགས་ཆུང་ཆུ་ཤུར་རྫོང་དུ་བསྐྱོད་ནས་ཆུ་ཤུར་རྫོང་གི་དྲ་ཐོག་ཚོང་དོན་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་འཕྲོད་བསྟེན་སྨན་བཅོས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་རྗེས་འཕྲོད་བསྟེན་སྨན་བཅོས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཆུ་ཤུར་རྫོང་འཕྲོད་བསྟེན་སྨན་བཅོས་ལས་དོན་ལ་བླང་བྱ་བཏོན་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ཆུ་ཤུར་ས་གཙང་དྲ་ཐོག་ཚོང་དོན་དྲ་ཕྱིའི་སྒོ་རྩིས་ཚོང་ཁང་དང་། ཆུ་ཤུར་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས། གསུམ་ལྡན་གྲོང་ཚོའི་འཕྲོད་བསྟེན་ཁང་། རྟ་དཀར་ཤང་འཕྲོད་བསྟེན་ཁང་། ཆུ་ཤུར་རྫོང་མི་དམངས་སྨན་ཁང་བཅས་སུ་ཕེབས་ནས་ཆུ་ཤུར་རྫོང་དྲ་ཐོག་ཚོང་དོན་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་འཕྲོད་བསྟེན་སྨན་བཅོས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཆུ་ཤུར་རྫོང་དྲ་ཐོག་ཚོང་དོན་ལས་དོན་གྱིས་ལྗོངས་ཕྱི་ནང་གི་གྲུབ་འབྲས་ཐོབ་པའི་བྱེད་ཐབས་ལ་དཔེ་བལྟས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་གཉེར་ཚོང་ལ་ཤུགས་སྣོན་རྒྱག་པ། ཟོག་འགྲེམས་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དྲ་ཐོག་ཚོང་དོན་མ་ལག་བཏོད་དེ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།