བོད་ཀྱི“རིག་ལྡན་ཁྲིམས་ཁང”གིས་ཞིང་འབྲོག་པར་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གློག་རྡུལ་ཡིག་སྒྲིལ་གྱོད་གཞི་དང་མཉམ་དུ་བཟོ་བ་དང་། ཁྲིམས་སའི་འདྲི་གཅོད་ཀྱི་སྐད་བརྡ་དབྱེ་འབྱེད་བྱེད་པ། ཁྲུན་གཅོད་ཡིག་ཆ་རང་འགུལ་ངང་བོད་རྒྱ་སྐད་གཉིས་ལ་ཕབ་པ། གྲངས་གཞི་ཆེན་པོ་ལས་ཉེས་གསོག་གི་ཆེད་དམིགས་སྙན་ཞུ་གྲུབ་པ། སྐོར་སྐྱོད་རླངས་འཁོར་གྱི་ཚན་རྩལ་ཁྲིམས་ར་སོགས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“རིག་ལྡན་ཁྲིམས་ཁང”བསྐྲུན་པའི་གྲུབ་འབྲས་ལས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྟབས་བདེ་བྱུང་བ་རེད།

བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ལམ་ཐག་རིང་བས་གྱོད་གཞི་ཐག་གཅོད་བྱེད་པར་མ་གནས་ཧ་ཅང་མཐོ་བ་ཡོད། “ཆ་འཕྲིན་ཅན་འཛུགས་སྐྲུན་ལས་མི་དམངས་མང་ཚོགས་ཀྱི་གཏུག་བཤེར་དུས་ཚོད་ཐུང་དུ་དང་དཔལ་འབྱོར་གྱི་མ་གནས་དམའ་རུ་སོང་ལ། ལས་དོན་པའི་གྱོད་གཞི་ཐག་གཅོད་ཀྱི་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་གྱི་ལས་རོགས་ཝང་ཡུང་ཀང་གིས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ད་དུང་གཞི་རིམ་གྱི་ཁྲིམས་ཁང་ལ་ཚན་རྩལ་གྱི་སྐོར་སྐྱོད་ཁྲིམས་རའི་རླངས་འཁོར་སྤྲད་དེ་ཞིང་ནང་མུ་ཁ་དང་དེ་བཞིན་རྩྭ་ཐང་དུ་གཏུག་བཤེར་ཞབས་ཞུ་བསྒྲུབས་ནས། ས་གནས་ས་ཐོག་ཏུ་གྱོད་དོན་ཐོ་འགོད་དང་ཞིབ་གཅོད་བྱས་པས་ཞིང་འབྲོག་མང་ཚོགས་ཀྱིས་གཏུག་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

བོད་དུ་གཞི་རིམ་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞིའི80%ཚང་མ་ཞིང་འབྲོག་པ་དང་འབྲེལ་བ་ཡོད་པའི་གྱོད་གཞི་རེད། ཞིང་འབྲོག་མང་ཚོགས་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་རྒྱག་པའི་དབང་ཆ་འགན་ལེན་གང་ལེགས་བྱ་ཆེད། མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་སློབ་ཆེན་དང་མཉམ་དུ་འདྲི་གཅོད་ལ་རམ་འདེགས་བྱེད་པའི་བོད་ཡིག་གི་ཡིག་སྒྱུར་མ་ལག་གསར་སྤེལ་བྱས་ནས་ཁྲུན་གཅོད་ཀྱི་ཡིག་ཆ་དང་། མི་དམངས་འཐུས་ཚོགས་ཀྱི་སྙན་ཞུ། མི་དོན་བསྐོ་གཞག་སོགས་ཀྱི་གཞུང་ཡིག་མཐེབ་མནན་ཐེངས་གཅིག་གིས་ཡིག་སྒྱུར་ཐུབ་སྟེ་གནད་ལ་འཁེལ་ཚད70%ཙམ་ཟིན་ཡོད། “སླད་ཕྱིན་ང་ཚོས་ད་དུང་མ་ལག་རིམ་སྤོར་བྱས་ནས་ཡིག་སྒྱུར་གནད་ལ་འཁེལ་ཚད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་རྩལ་ཆ་འཕྲིན་ཁྲུའི་ལས་བྱེད་པ་ཞུས་དབྱི་ཡིས་བརྗོད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལོ་ཤས་རིང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་པ་བརྒྱུད། 2018ལོའི་ཟླ10པར་བོད་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་ནས་ལྗོངས་ཡོངས་སུ་ཚན་རྩལ་གྱི་ཁྲིམས་ར157བཙུགས་པ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ས་ཁུལ(གྲོང་ཁྱེར)འབྲིང་རིམ་མི་དམངས་ཁྲིམས་ཁང7 རྫོང(ཆུས)ཁྲིམས་ཁང74དང་དེ་བཞིན་ཤང་དང་གྲོང་རྡལ་གྱི་ཁྲིམས་ཁང་ཁག་གཅིག་བཅས་ལ་བརྙན་ལམ་ཚོགས་འདུ་དང་ཁྲིམས་རའི་འདྲི་གཅོད་ཐད་གཏོང་སོགས་ལྟེ་བའི་ལས་སྒོ་ཕྱོགས་ཡོངས་ནས་ཁྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།