2019ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་སྔོན་རྒྱུགས་ཀྱི་རྒྱུགས་རིམ་མཐའ་མ་ལྷ་སར་གཏོང་འགོ་ཚུགས་པ།

W020180706393808962831.jpg

དགེ་བཤེས་ལྷ་རམས་པའི་དཔྱད་ཞིབ་ལ་ཞུགས་མཁན་གྱིས་དཔྱད་བསྡུར་དགེ་རྒན་གྱི་གཞུང་བཀའ་པོད་ལྔའི་སྐོར་གྱི་དྲི་བ་དང་ལེན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་རྩ་འཛུགས་གནང་པའི2019ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་ལེན་གྱི་དབྱར་དུས་སྔོན་རྒྱུགས་ཀྱི་རྒྱུགས་རིམ་མཐའ་མ་སྟེ་རིག་གནས་རྨང་གཞི་བསླབ་ཚན་ཡིག་རྒྱུགས་ལྷ་སར་གཏོང་འགོ་ཚུགས། དུས་ཡུན་ཉིན6གི་དབྱར་རྒྱུགས་ཀྱི་ཡིག་རྒྱུགས་དངོས་སུ་མཇུག་སྒྲིལ་པ་དང་། ཡིག་རྒྱུགས་འདི་ནི2005 ལོར་སླར་གསོ་བྱས་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པར་དཔྱད་ཞིབ་ལས་དོན་སྤེལ་འགོ་བཙུགས་ཚུན་གྱི་རྒྱུགས་ལེན་དཔྱད་ཞིབ་ཐེངས14 པ་རེད་འདུག

རྒྱུས་ལོན་བྱུང་པ་ལྟར་ན།  ལྷ་ས་གྲོང་ཁྱེར་སེ་ར་དགོན་དང་འབྲས་སྤུངས་དགོན། དགའ་ལྡན་དགོན། ར་སྟོད་དགོན། གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན། ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན། དཔའ་ཤོད་དགོན། དབྱེན་འདུམ་དགོན། བྱང་སྟོད་དགོན། ནག་ཆུ་གྲོང་ཁྱེར་རབ་བརྟན་དགོན། ཆོས་འཁོར་དགོན་བཅས་དགོན་སྡེ11ནས་ཐོན་པའི་རྒྱུགས་འབུལ་དགེ་འདུན་པ12དང་། དཔྱད་འཇོག་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དེ་བཞིན་རྒྱུགས་རོགས་དགེ་འདུན་པ430ད་རེས་ཀྱི་དབྱར་དུས་རྒྱུགས་ལེན་གྱི་གཞུང་ཆེན་བཀའ་པོད་ལྔའི་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད།

W020180706393809111496.jpg

དགེ་བཤེས་ལྷ་རམས་པའི་དཔྱད་ཞིབ་ལ་ཞུགས་མཁན་གྱིས་དཔྱད་བསྡུར་དགེ་རྒན་གྱི་གཞུང་བཀའ་པོད་ལྔའི་སྐོར་གྱི་དྲི་བ་དང་ལེན་བྱེད་བཞིན་པ།

“རྒྱུགས་ལེན་ལ་དཀའ་གནད་ཧ་ཅང་ཆེ་བའི་དབང་གིས་འདིར་དེར་ཞུགས་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་འབུལ་ལ་ཞུགས་མཁན་དགེ་འདུན་པ་ཚང་མར་ནང་དོན་རིག་པའི་ཤེས་བྱ་ཕུན་སུམ་ཚོགས་པ་ཡོད་ཅིང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་རྒྱ་ཧ་ཅང་ཆེན་པོ་ཡོད་ལ། དེའི་ནང་ལོ་ན་མཐོ་ཤོས་ནི་ལོ51ལ་སླེབས་ཟིན་པ་དང་། ཆུང་ཤོས་ནི་ལོ30ལ་སླེབས་ཡོད་པ་རེད”ཅེས་དགེ་བཤེས་ལྷ་རམས་པའི་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས་ཆོས་བཟང་གིས་2005 ལོར་དགེ་བཤེས་ལྷ་རམས་པའི་རྒྱུགས་འབུལ་ལམ་ལུགས་སླར་གསོ་བྱས་རྗེས་སྲོལ་རྒྱུན་གྱི་གཞུང་ཆེན་བཀའ་པོད་ལྔ་རྒྱུགས་འབུལ་གནང་རྗེས། ད་དུང་ཆབ་སྲིད་དང་བཅའ་ཁྲིམས། ལོ་རྒྱུས་ཤེས་བྱ། རིག་གནས་རྨང་གཞིའི་བསླབ་ཚན་གྱི་ཡིག་རྒྱུགས་ཀྱང་ཁ་སྣོན་གནང་ཡོད་པ་རེད་ཅེས་བརྗོད་བྱུང་།

W020180706393809118358.jpg

རྒྱུགས་འབུལ་དགེ་འདུན་པ་རིག་གནས་རྨང་གཞི་བསླབ་ཚན་གྱི་ཡིག་རྒྱུགས་ལ་ཞུགས་པ།

བློ་བཟང་འཕྲིན་ལས་ཆོས་གྲགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་ལེན་སླར་གསོ་བྱུང་རྗེས། མཚན་གནས་འདིའི་རྒྱུགས་འབུལ་ལ་ཞུགས་མཁན་དགེ་འདུན་པ་རྣམས་ནི་ཡུན་ཙམ་ཞིག་ལ་ལྷ་ས་དང་གཞིས་རྩེ་ཁོངས་གཏོགས་ཀྱི་དགོན་སྡེའི་དགེ་འདུན་པ་རྣམས་གཙོ་བོར་འཛིན་པ་དང་། དེའི་རྗེས་སུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་རིམ་གྱིས་ལེགས་སུ་ཕྱིན་པ་དང་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་དམིགས་བསལ་རོགས་སྐྱོར་ལ་བརྟེན། བོད་ལྗོངས་ནག་ཆུ་དང་། ཆབ་མདོ་སོགས་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགོན་སྡེའི་དགེ་འདུན་པ་རྣམས་ཀྱང་རིམ་གྱིས་ལྷ་སར་དགེ་བཤེས་ལྷ་རམས་པའི་རྒྱུགས་འབུལ་ལ་ཞུགས་གི་ཡོད་ཅིང་། ད་ལོར་མཚོན་ན་རྒྱུགས་འབུལ་དགེ་འདུན་པ12ལས4ནི་ཆབ་མདོ་ནས་ཡོང་པ་རེད།

W020180706393809116728.jpg

རྒྱུགས་འབུལ་དགེ་འདུན་པ་བློ་བཟང་གིས་དཔྱད་བསྡུར་དགེ་རྒན་གྱི་དྲི་བ་དང་ལེན་བྱེད་བཞིན་པ། 

ད་ཐེངས་ཀྱི་དཔྱད་ཞིབ་རྒྱུགས་འབུལ་ནང་ཞུགས་མཁན་གཞིས་རྩེའི་རྒྱུགས་འབུལ་དགེ་འདུན་བློ་བཟང་གིས“ད་ཐེངས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་ཡིག་རྒྱུགས་དང་རྨང་གཞི་ཡིག་རྒྱུགས་གཉིས་ལ་ངས་གང་ཐུབ་ཅི་ཐུབ་ཀྱིས་འབད་པ་བྱས་པ་ཡིན་ལ། གལ་ཏེ་ལྷ་རམས་པའི་མཚན་གནས་ལེན་ཐུབ་ཚེ་དེ་ནི་ཤིན་ཏུ་དགའ་འོས་པ་ཞིག་སྟེ། ལེན་མ་ཐུབ་ཀྱང་བློ་ཕམ་གང་ཡང་ཡོད་མི་སྲིད”ཅེས་ཟེར། ནང་དོན་རིག་པའི་ཐད་ལོ་ག་ཚོད་ལ་སློབ་གཉེར་བྱས་སྐོར་འདྲི་དུས། ཁོས་མཛུབ་མོ་བགྲངས་ཞོར་གདོང་ལ་འཛུམ་ཞིག་ལངས་ནས“ཁྱོད་ཀྱིས་ལྟོས་དང་ངའི་སྐྲ་ལོ་ཡང་ཉུང་ཙམ་ལས་ལྷག་མེད་པས་ཁྱོད་ཀྱིས་བལྟས་ན་ངས་ལོ་ག་ཚོད་ལ་སྦྱངས་ཡོད་པ་རེད”ཅེས་བཤད། ད་ལོར་ལོ་ན44 ལ་སླེབས་པའི་ཁོང་གིས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་ལོ་ངོ30ཙམ་རིང་སློབ་གཉེར་བྱས་ཟིན་ཡོད་ཅིང་། ཁོང་གིས་སློབ་གཉེར་གྱི་ལམ་བུར་ནམ་ཡང་ཕ་མཐའ་མེད་པས་རང་གི་མི་ཚེ་གང་བོར་ཞིབ་འཇུག་བྱ་དགོས་ཞེས་བརྗོད་བྱུང་།

དགེ་བཤེས་ནི་ཤེས་བྱར་མཁྱེན་རྒྱ་ཡངས་པ་སྟེ། ལྷ་སའི་དགོན་སྡེ་ཆེ་ཁག་གསུམ་གྱི་དགེ་བཤེས་ལ་རྡོ་རམས་པའི་དགེ་བཤེས། གླིང་བསྲེའི་དགེ་བཤེས། ཚོགས་རམས་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་བཅས་ཡོད་ལ། དེའི་ནང་དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་འདུན་པས་མདོ་ཕྱོགས་ཀྱི་མཚན་གནས་མཐོ་ཤོས་དེ་རེད།

W020180706393809113574.jpg

དགེ་བཤེས་ལྷ་རམས་པའི་དཔྱད་ཞིབ་རྒྱུགས་འབུལ་ཞུགས་མཁན་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་འཇོག་པའི་ཡུལ་དངོས།

དགེ་ལུགས་པའི་དགོན་སྡེ་གཞན་དག་གི་དགེ་བཤེས་རིམ་པ་དང་མིང་འདོགས་སྟངས་ནི་ལྷ་སའི་དགོན་སྡེ་ཆེ་ཁག་གསུམ་དང་ཅུང་་མི་འདྲ་བར། གྲུབ་མཐའ་གཞན་དག་གི་སློབ་གཉེར་པར་མཚན་གནས་དང་མཚན་མིང་འདོགས་སྟངས་ཀྱང་དགེ་ལུགས་པ་དང་ཅུང་ཁྱད་པར་ཡོད་པར་རེད། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་རྒྱུན་པར་ལོ་ལྟར་ལྷ་སའི་དགོན་སྡེ་ཆེ་ཁག་གསུམ་དུ་རེས་མོས་ཀྱིས་རྒྱུགས་ལེན་སྒྲིག་འཛུགས་གནང་གི་ཡོད་པ་དང་།  དཔྱད་ཞིབ་དང་སྔོན་རྒྱུགས་མཐའ་རྒྱུགས་ནན་མོ་བརྒྱུད་ད་གཟོད་དགེ་བཤེས་ལྷ་རམས་པའི་མཚན་གནས་འདི་གནང་གི་ཡོད་ཅིང་། ད་ལོའི་དགེ་བཤེས་ལྷ་རམས་པའི་གཞུང་ཆེན་བཀའ་པོད་ལྔའི་ཡིག་རྒྱུགས་ནི་སེ་ར་དགོན་དུ་སྤེལ་བ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། ད་ཐེངས་ཀྱི་རིག་གནས་རྨང་གཞི་བསླབ་ཚན་གྱི་ཡིག་རྒྱུགས་གྲུབ་འབྲས་ཡོངས་བསྒྲགས་བྱས་རྗེས། དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་རྒྱུགས་འབུལ་མཁན་གྱི་དམ་བཅའ་དང་ཡིག་རྒྱུགས་ཀྱི་མཐའ་འབྲས་ལ་གཞིགས་ནས་2019 ལོའི་ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་དམ་བཅའ་འཇོག་པའི་རྒྱུགས་འབུལ་ཐོབ་ཐང་ཐོབ་པའི་དགེ་འདུན་པ་དང་་ཨང་རིམ་གཏན་འཁེལ་གནང་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།