བོད་ལྗོངས་གཞིས་རྩེ་ནས་མཚོ་སྔོན་ཟི་ལིང་བར་གྱི་ཐད་གཏོང་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས2ཉིན་མེ་འཁོར་ཐེངས་གྲངསZ6812བོད་ལྗོངས་གཞིས་རྩེ་ནས་རྡོག་ཐོན་བྱས་ཏེ་མཚོ་སྔོན་ཟི་ལིང་དུ་བསྐྱོད་པ་དེ་ཐོག་ནས་བོད་ལྗོངས་གཞིས་རྩེ་ནས་མཚོ་སྔོན་ཟི་ལིང་བར་གྱི་ཐད་གཏོང་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ་པ་མཚོན་པ་དང་འགྲུལ་པ་ས་ཆ་གཉིས་སུ་འགྲོ་འོང་བྱེད་སྐབས་ལྷ་ས་ནས་མེ་འཁོར་བར་བརྒྱུད་བྱེད་དགོས་ཀྱི་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མེ་འཁོར་ཐེངས་གྲངསZ6811དེ་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུར་ཟི་ལིང་ནས་རྡོག་ཐོན་བྱས་པ་དང་ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་ལྔ་བཅུ་ང་བརྒྱད་ལ་གཞིས་རྩེར་འབྱོར་བ་དང་། མེ་འཁོར་ཐེངས་གྲངསZ6812དེ་ཚེས2ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུར་གཞིས་རྩེ་ནས་རྡོག་ཐོན་བྱས་ཏེ་ཟི་ལིང་དུ་ཚེས3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་ཉི་ཤུ་རྩ་ལྔར་འབྱོར་རྒྱུ་རེད། མེ་འཁོར་གྱིས་ལམ་བར་ཆུ་ཤུར་དང་། སྙེ་མོ། རིན་སྤུངས་སོགས་ཀྱི་བབས་ཚུགས་སུ་ཁ་འགོག་པ་དང་། ལྷ་སའི་བབས་ཚུགས་སུ་མེ་འཁོར་ཁ་འགོག་ཡུན་སྐར་མ་ཉི་ཤུ་རྩ་ལྔ་དང་སྐར་མ་ཉི་ཤུ་རྩ་དགུ་སོ་སོར་ཡིན་པས་འགྲུལ་པས་མེ་འཁོར་བརྗེ་དགོས་ཀྱི་མེད།

ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་བོད་དུ་མིག་སྔར་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་འཆར་བ་དང་། བོད་ནས་འགྲོ་འོང་འགྲུལ་པ་ཅུང་མང་བས་མེ་འཁོར་གྱི་སྤ་སེ་དཀོན་ཙམ་ཡོད། ཡུལ་སྐོར་བས་དྲ་སྦྲེལ་གྱི་དྲ་ཚིགས12306དང་ཁ་པར་ཨང་གྲངས95105105བརྒྱུད་ཉིན་སུམ་ཅུ་ཡི་སྔ་སྣུར་ནས་སྤ་སེ་སྔོན་མངགས་བྱེད་པའམ་ཡང་ན་སྤ་སེ་བཙོང་ས་ནས་ཉིན་ཉི་ཤུ་རྩ་བརྒྱད་ཀྱི་སྔ་སྣུར་དུ་སྤ་སེ་སྔོན་མངགས་བྱེད་དགོས་ཀྱི་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།