ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དེ་བོད་ཀྱི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་གྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གསར་སྤེལ་ཁུལ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ལ་འགྱུར་བཞིན་ཡོད་པ་དང་།  ད་བར་གསར་སྤེལ་ཁུལ་དེར་དངོས་གཞིའི་ཐོན་སྐྱེད་རྣམ་པའི་ཁེ་ལས116དང་མ་རྐང་ཁྲོམ་རའི་ཐོག་བཏོན་པའི་ཁེ་ལས13། རྒྱལ་ནང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས12བཅས་ཡོད་པ་དང་ཁེ་ལས་ཀྱི་གྲངས་འབོར་འཕར་ཚད49.4%ཟིན་ཡོད། 

རྒྱལ་ཁབ་རིམ་པའི་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དེ་སྤྱི་ལོ2001ལོར་བཙུགས་པ་ཞིག་ཡིན་པ་དང་།  དེ་ནི་བོད་ལྗོངས་ནས་གཞི་ཁྱོན་ཆེ་ཤོས་དང་རྒྱུ་སྟོབས་ཆེ་ཤོས།  ཐོན་ལས་གཅིག་བསྡུས་ཆེ་ཤོས་བཅས་ཀྱི་བཟོ་ལས་གསར་སྤེལ་ཁུལ་ཞིག་རེད།  ན་ནིང་གསར་སྤེལ་ཁུལ་དེའི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར71.6ཟིན་པ་དེ་དུས་མཚུངས་པ་ལས10.3%འཕར་བ་དང་།  ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར29ཟིན་པ་དེ་དུས་མཚུངས་པ་ལས26%འཕར་བ།  ཚོང་འགུག་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར42.4དོན་འཁྱོལ་བྱུང་བ་དེ་དུས་མཚུངས་པ་ལས84%འཕར་བ་བཅས་བྱུང་ཡོད་པ་དང་དཔལ་འབྱོར་གྲངས་གཞི་ཚང་མ་འཕར་སྣོན་བརྟན་པོ་བྱུང་ཡོད། 

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་གསར་སྤེལ་ཁུལ་དེར་བོད་ལྗོངས་ནས་ཀྱི་སྦི་རག་དང་ཐན་ཡུ་སྡེ།  སྒྲོལ་མ་ཆུ་མིག  བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་ཟུར་སྣོན་རིན་ཐང་མཐོ་བ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་གྲགས་ཅན་ཐོན་རྫས40ལྷག་ཙམ་ཡོད་པ་དང་།  ས་གཙང་འབྱུང་འཕྲོད་དང་མཐོ་གསར་ལག་རྩལ།  སྐྱེ་དངོས་གསོ་རིག་སྨན་རྫས།  ས་མཐོའི་ཁྱད་ལྡན་ཐོན་ལས་བཅས་ཀྱིས་གཙོ་བོ་བྱེད་པའི་ཐོན་ལས་རྣམ་པ་ཞིག་ཆགས་ཡོད།  གོམ་སྟབས་རྗེས་མར་གསར་སྤེལ་ཁུལ་དེས་ཐོན་ལས་སྦྲེལ་མཐུད་སྟེགས་བུ་དང་ལག་རྩལ་སྤེལ་རེས་ལྟེ་བ།  ཤེས་ལྡན་པའི་མཉམ་ལས་ཐབས་ལམ།  སྤུས་རྟགས་ཚོང་འགུག་འཐབ་ས།  གསར་གཏོད་ལས་གཏོད་ལྟེ་གནས་བཅས་ཀྱིས་བྱེད་ནུས་གཙོ་བོ་བྱེད་པའི་ཕྱོགས་བསྡུས་གཞི་རྟེན་ཞིག་གཏོད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།