དུས་ཚིགས་དང་པོར་ལྷ་སའི་བཟོ་ལས་དཔལ་འབྱོར“བརྟན་པོའི་ཁྲོད་ཁྱད་ཆོས་ལྡན་པ”བྱུང་བ།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་རིན་ཐང་འཕར་མ་ཁྱོན་སྒོར་དུང་ཕྱུར10.93ལེགས་སྒྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་གཞིར་བཟུང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་སྔར་བས་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་བརྟན་པའི་ཁར་ལེགས་པའི་རྣམ་པ་མངོན་ཡོད། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་རིན་ཐང་འཕར་མ་ཁྱོན་སྒོར་དུང་ཕྱུར10.93ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས9.3%(བསྡུར་གཞི་ཡོད་པ)འཕར་ནས་ལས་འགོ་བཟང་པོ་བཙུགས་པ།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གཞི་ཁྱོན་བཟོ་ལས་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཚོང་འགུགས་མ་འདྲེན་ལས་དོན་གྱི་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བཟོ་ལས་དཔལ་འབྱོར་གྱི་གཞི་ཁྱོན་སྟོབས་ཆེར་གཏོང་བ་དང་། གྲུབ་ཆ་བཟང་སྒྲིག་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ཐད་གཤམ་གསལ་གྱི་ཁྱད་ཆོས་དག་མངོན་པ་སྟེ། ལྕི་བའི་བཟོ་ལས་འཕར་ཚད་ཡང་བའི་བཟོ་ལས་ལས་མགྱོགས་པ་དང་ལྕི་བའི་བཟོ་ལས་འཕར་ཚད་དེ་ཡང་བའི་བཟོ་ལས་ལས33%མཐོ་བ་ཡོད་པ་དང་། བཟོ་ལས་ཐོན་ཟོག་གི་ཐོན་སྐྱེད་དང་བྲིན་འཚོང་གཉིས་སྦྲེལ་མཐུད་ཡག་པོ་བྱུང་བ། བཟོ་ལས་ཐོན་ཟོག་ཕྱིར་འཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར24.18ཟིན་ནས་དུས་མཚུངས་ལས8.6%འཕར་ནས་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད104.9%ཟིན་པ། ཁྲེང་ཀོན་དང་། ལྷུན་གྲུབ། ཆུ་ཤུར། སྟག་རྩེ། དཔལ་འབྱོར་གསར་སྤེལ་ཁུལ་སོགས་རྫོང(ཆུས)ལྔ་ཡི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ། བཟོ་ལས་གླིང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་གླིང(དཔལ་འབྱོར་གསར་སྤེལ་ཁུལ་ཚུད)གི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་ཁྱོན་སྒོར་དུང་ཕྱུར8.35དང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.1ཟིན་པ་དེ་དུས་མཚུངས་ལས2.1%མང་བ་ཡོད་པ་དང་། བཟོ་ལས་ཀྱི་ཁྲལ་འབབ་སྒོར་ཁྲི6800ཟིན་ནས་5%འཕར་བ། ནམ་དུས་ཀྱི་ཚོད་འཛིན་འོག་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་གཙོ་བོ་དང་རྐང་འཛིན་ཁེ་ལས་གཙོ་བོ་སྤྱིའི་ཆུ་ཚད་བརྟན་པོའི་ངང་འཕར་ཡང་། ལས་རིགས་དང་ཁེ་ལས་ཁག་གཅིག་ལ་ཅུང་ཆག་ཡོད་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།