མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་དར་གོས་ཚོང་ལམ་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་སྐབས་བཞི་བར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱས་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་སྐབས་བཞི་བ་དང་ཀྲུང་གོའི་ཤར་ནུབ་རྒྱུད་མཉམ་ལས་དང་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཞི་ཨན་ཆུའུ་ཅང་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་ཚོགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པ་ཁྲིད་དེ་འགྲེམ་ཚོགས་ལ་ཞུགས།

འགྲེམ་ཚོགས་སྐབས་སུ། ཝུའུ་ཧའེ་ཁུན་མཚོ་སྔོན་འགྲེམ་སྟོན་ཁང་དུ་སོང་ནས། འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ་སོགས་ཐོན་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་དང་འཕེལ་རྒྱས་དགེ་མཚན་ཐད་ནས་བརྗེ་རེས་གྲོས་སྡུར་བྱས་པ་ད་ང། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་ནུབ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས། ཞིང་ཆེན་གཞན་པའི་འགྲེམ་ཞུགས་སྡེ་ཁག་བཅས་ཀྱིས་ལིས་གློག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུ་ཆས་གསར་བ། ཉི་འོད་ནུས་པ་དང་གསོག་ནུས་སོགས་ལྗང་མདོག་ནུས་ཁུངས་ཕྱོགས་ཀྱི་ཐོན་རྫས་ཆེས་གསར་བ་དང་ལག་རྩལ་ཐད་ནས་བརྗེ་རེས་དང་ངོ་སྤྲོད་བྱས།

རྨིད་གྲུ་བཞི་མ་བརྒྱ་དང་ཞེ་བཞི་ཡོད་པའི་མཚོ་སྔོན་འགྲེམ་སྟོན་ཁང་དུ། མཚོ་སྔོན་འཐུས་ཚབ་ཚོགས་པས་ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་བྱེད་རྒྱུ་དེ་བརྗོད་སྙིང་དུ་བྱས་ནས། ནུས་ཁུངས་གསར་བའི་འགྲེམ་སྟོན་ཁུལ་དང་རྒྱུ་ཆས་གསར་བའི་འགྲེམ་སྟོན་ཁུལ། ལིས་ཐོན་ལས་འགྲེམ་སྟོན་ཁུལ། བརྙན་རིས་བཅས་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁོག་གི་སྣང་བརྙན་དང་ཐོན་ཁུངས་དགེ་མཚན། དངུལ་གཏོང་གཙོ་གནད། ཚོང་གཉེར་ཁོར་ཡུག ཁྱད་ལྡན་ཐོན་ལས་དང་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་གསར་བ་བཅས་གཅིག་བསྡུས་འགྲེམ་སྟོན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།