མཚོ་སྔོན་ཞིང་ཆེན་གྱི་ཆུ་བདག་དང་མཚེའུ་བདག་ལམ་ལུགས་ལ“ཡོངས་ཁྱབ་དྲུག”གི་གནས་སྟངས་གསར་པ་གྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་རང་ཞིང་གིས་ཆུ་བདག་དང་མཚེའུ་བདག་གི་བྱ་བའི་མགོ་བརྩམས་ཚུན་ལ། རྩ་འཛུགས་ཀྱི་མ་ལག་ཁྱོན་ཡོངས་སུ་ཁེབས་པ་དང་། དོ་དམ་སྲུང་སྐྱོབ་བྱེད་པ་ས་ཁུལ་ཡོངས་སུ་ཁྱབ་པ། ལས་སྒྲུབ་འགན་ལེན་བྱེད་པ་དུས་སྐབས་ཡོངས་སུ་ཁྱབ་པ། གནད་དོན་དག་ཐེར་ཕྱོགས་མཚམས་ཡོངས་སུ་ཁྱབ་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ། ལྟ་སྐུལ་དཔྱད་ཞིབ་བརྒྱུད་རིམ་ཡོངས་སུ་ཁྱབ་པའི་གནས་བབ་གསར་པ་ཐོག་མར་གྲུབ་པ་དང་། ཆུ་བདག་དང་མཚེའུ་བདག་ལམ་ལུགས་ཀྱི་བྱ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དང་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ།

ལོ་ངོ་གཉིས་ཀྱི་རིང་ལ། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལོ་གཅིག་སྔ་སྣུར་གྱིས་ལེགས་འགྲུབ་བྱས་པ་དང་། རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ཆུ་བདག་དང་སྤྱི་ཁྱབ་མཚེའུ་བདག་གི་འགན་ཁུར་བ་དང་། ལས་བགོས་འགན་གཉེར་བྱས་ཏེ་འགན་འཁུར་བློ་མཐུན་གྱིས་འགན་ཁུར་ཆུ་བདག་དང་འགན་ཁུར་མཚེའུ་བདག་གི་འགན་གཞེས་པ་འཐུས་ཚང་དུ་བཏང་པ་དང་། ཆུ་རྒྱུན་ཡོངས་སུ་ཁེབས་པའི་ཞིང་ཆེན་དང་། གྲོང་ཁྱེར(ཁུལ)དང་།རྫོང(གྲོང་ཁྱེར་དང་ཆུས)དང་། ཞང(གྲོང་རྡལ)དང་། སྡེ་བ་བཅས་རིམ་པ་ལྔ་ཡི་ཆུ་བདག་དང་མཚེའུ་བདག་གི་རྩ་འཛུགས་མ་ལག་གྲུབ་སྟེ།ཞིང་ཆེན་ཡོངས་ཀྱི་འབབ་ཡུལ3518ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ50ཡན་གྱི་ཆུ་རྒྱུན་ཡོངས་དང་། ཆུ་ཁོངས242ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1ཡན་གྱི་མཚེའུ་ཡོངས་ལ་ཁྱབ་པ་དང་། དེ་མིན་འབབ་ཡུལ781གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ50མན་གྱི་ཆུ་རྒྱུན་ཡོངས་དང་། ཆུ་ཁོངས79ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1མན་གྱི་མཚེའུ་ཡོངས་ལ་ཁྱབ་ཡོད།

མིག་སྔར། ཞིང་ཆེན་ཡོངས་སུ་ཆུ་བདག་དང་མཚེའུ་བདག་གི་བསྒྲགས་བྱང5972བཙུགས་ཏེ། དེའི་སྟེང་དུ་ཆུ་བདག་དང་མཚེའུ་བདག་གི་རུས་མིང་དང་།གོ་གནས། ལས་འགན། ལྟ་སྐུལ་ཁ་པར་ཨང་གྲངས། དོ་དམ་སྲུང་སྐྱོབ་དམིགས་འབེན་བཅས་ཚད་ལྡན་ངང་མཆན་བཀོད་གསལ་པོ་བྱས་ཡོད་པར་མ་ཟད། ཆུ་བདག་དང་མཚེའུ་བདག་ལམ་ལུགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་ཀྱི་རྩ་གཉིས་བཤེར་གྲངས་བརྒྱུད་དེ། ཆུ་རྒྱུན་རེ་རེ་དང་མཚེའུ་རེ་རེ། ཆུ་མཛོད་རེ་རེའི་དོ་དམ་སྲུང་སྐྱོབ་ཀྱི་ལས་འགན་ཡོད་ཚད་མིའི་ཐོག་ཏུ་ཁུངས་གཏུག་ཐུབ་པ་དང་།སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་ཡིན།  ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁེ་ལས་ཀྱི་ཆུ་བདག་དང་། འབྲོག་དམངས་ཀྱི་ཆུ་བདག  དགེ་འདུན་པའི་ཆུ་བདག རྟ་ཐོག་གི་ཆུ་བདག སློབ་གླིང་གི་ཆུ་བདག་བཅས་ཀྱི་དམངས་ཁྲོད་ཆུ་བདག་གིས་རང་འཕེལ་ངང་ཆུ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་ནི་ཆུ་གཏེར་རྒྱས་པ་བཞིན་མངོན།

ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་བལྟས་ན་བརྟན་འཇགས་ངང་ལེགས་པའི་ཕྱོགས་སུ་འཕེལ་བཞིན་མཆིས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།