ཧྭ་ལུང་གི་འཐེན་ཐུག་ཟ་ཁང་ནི་ས་དེའི་མང་ཚོགས་ཀྱི་ཡོང་སྒོ་འཚོལ་ས་བཟང་པོ་ཞིག་རེད།

མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དུ་འཐེན་ཐུག་ཐོན་ལས་ཞབས་ཞུའི་ལྟེ་གནས་ཤིག་ཡོད་པ་སྔོན་ནས་གོ་མྱོང་ཡང་ཡུལ་དེར་དངོས་སུ་སོང་བ་ཐེངས་དང་པོ་ཡིན།ཟླ3པའི་ཚེས15ཉིན།ཡུལ་དེར་སོང་ནས་དེའི་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན།དེ་ནི2013ལོར་བཙུགས་པ་ཞིག་ཡིན་པ་དང་།འཐེན་ཐུག་ལས་རིགས་གཉེར་མཁན་ལ་ཆེད་དུ་ཞབས་འདེགས་ཞུ་བའི་སྟེགས་བུ་ཞིག་ཀྱང་རེད།

ཧྭ་ལུང་འཐེན་ཐུག་ཞབས་ཞུ་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་འཐེན་ཐུག་ཟ་ཁང་གཉེར་མཁན་རྣམས་ལ་ཁ་ཕྱོགས་ཏེ་འཐེན་ཐུག་ཟ་ཁང་དག་ལ་མུའུ་སི་ལིན་ཟས་རིགས་མཁོ་འདོན་བྱེད་བཞིན་ཡོད་པ་དང་།དེ་རུ་བརྡ་འཕྲིན་འདྲི་རྩད་དང་།ལག་རྩལ་གསབ་སྦྱོང་།དྲ་ཐོག་ཉོ་ཚོང་སོགས་ཞབས་ཞུ་སྣ་ཚོགས་སྒྲུབ་བཞིན་འདུག

རྒྱུས་ལོན་པ་ལྟར་ན།ཧྭ་ལུང་འཐེན་ཐུག་ཐོན་ལས་ཞབས་ཞུ་ལྟེ་གནས་ཀྱི་ལས་བཟོ་པའི་བརྒྱ་ཆའི95མུའུ་སི་ལེན་ཡིན་ཞིང་།ས་ཆ་དེའི་འཐེན་ཐུག་ཟ་ཁང་ཕལ་ཆེར་ཧུའེ་རིགས་ཀྱིས་གཉེར་གྱིན་ཡོད་ཅིང་།ཞིང་ཆེན་མི་གཅིག་པ་དང་།ས་ཁུལ་མི་གཅིག་པ་གང་མང་ན་ཧྭ་ལུང་གི་འཐེན་ཐུག་ཟ་ཁང་གཉེར་བཞིན་ཡོད།

ཧྭ་ལུང་རྫོང་འཐེན་ཐུག་ཐོན་ལས་གསོ་སྦྱོང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཁྲིན་ཧྥུའུ་ཡིས་ང་ཚོ་གསར་འགོད་པ་རྣམས་ལ་འཐེན་ཐུག་ཐོན་ལས་གསོ་སྦྱོང་ལྟེ་གནས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས་ས་དེར་མིང་གྲགས་ཡོད་པའི་ནོ་ཨར་མན་འཐེན་ཐུག་ཟ་ཁང་ཟེར་བ་ཞིག་ཏུ་ཁྲིད།དེ་ནི་ཧྭ་ལུང་རྫོང་གི་ཟ་ཁང་མིང་གྲགས་ཅན་ཞིག་ཡིན་ཞིང་།ཟ་ཁང་དེའི་ནང་དུ་ཧུའེ་རིགས་ལས་གཞན་བོད་རིགས་ཀྱི་ཞབས་ཞུ་པ་གང་མང་ཞིག་ཡོད་ཟེར།ཟ་ཁང་དེར་སོང་བ་ན་དངོས་གནས་བོད་རིགས་ཞབས་ཞུ་བུ་མོ་སྐོར་ཞིག་མཐོང་བྱུང་།

བདག་གིས་དུས་ཚོད་དམ་འཛིན་གྱིས་ཟ་ཁང་དེར་ཞབས་ཞུ་པའི་ལས་ཀ་གཉེར་བཞིན་པའི་བོད་རིགས་བུད་མེད་དར་མ་ཞིག་ལ་བཅར་འདྲི་བྱས་པ་ཡིན།མོ་ནི་ད་ལོར་ལོ50ལ་ཉེ་བའི་ཕ་ཡུལ་ཧྭ་ལུང་རྫོང་མཚེ་མགུར་གྲོང་རྡལ་གྱི་མི་ཞིག་ཡིན་ཞིང་།མིང་ལ་བསོད་ནམས་འཚོ་ཟེར།མོས་བཤད་རྒྱུར། མོ་ཚང་ལ་ད་ལྟ་བཟའ་མི5ཡོད་པ་དང་།བུ་གཉིས་དང་།མནའ་མ་གཅིག་ཡོད། མོའི་ཁྱོ་ག་དང་མནའ་མས་ཞིང་གྲོང་ན་བུ་ཆེ་བའི་ཕྲུ་གུ་གཉོར་སྐྱོང་དང་ཞིང་ས་བདག་སྐྱོང་བྱེད་བཞིན་ཡོད། མོ་རང2015ལོར་ཟ་ཁང་དེའི་ནང་ཐོག་མར་ཡོང་བ་ཡིན་ཞིང་།སྐབས་དེར་ཟླ་ཕོགས2100ཡོད།དེ་ནས2016ལོར་གནས་ཚུལ་གྱི་དབང་གིས་ཕྱིར་ཞིང་གྲོང་དུ་འགྲོ་དགོས་བྱུང་། 2017ལོར་ཡང་བསྐྱར་ལོ་གཅིག་ལ་ཞབས་ཞུ་པར་ཡོང་བ་དང་།2018ལོར་ཡང་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་། ད་ལོ་ཡང་བསྐྱར་ཟ་ཁང་འདིར་ཡོང་བ་ཡིན།ད་ལྟ་ངས་ཟླ་རེར་སྒོར2500བཙལ་ཐུབ། རྒྱུན་འཁྱོངས་བྱས་ཏེ་ཡོང་མ་ཐུབ་པས་ཁོ་མོ་ཟ་ཁང་འདིས་ཞབས་ཞུ་པར་བསྡུ་ལེན་བྱེད་རྒྱུ་མ་རེད་བསམ་པའི་སེམས་ཁུར་ཞིག་ཡོད་ཀྱང་སྦྱིན་བདག་གིས་ང་ལ་དཀའ་ལས་ཅི་ཡང་མ་བཟོས་པར་ཡང་དང་བསྐྱར་དུ་ཟ་ཁང་གི་ཞབས་ཞུ་པའི་ནང་དུ་བསྡུ་ལེན་བྱས་པས།ད་ནི་རྒྱུན་འཁྱོངས་བྱས་ནས་འདུག་རྒྱུ་ཡིན།

མོ་ཚང་གི་ལོ་གཅིག་གི་ཡོང་སྒོའི་སྐོར་ལ་མོས་བཤད་རྒྱུར། ངེད་ཚང་གི་བུ་ཆེ་བས་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་སྐོར་བཞིན་ཡོད་པ་དང་།བུ་ཆུང་བས་ཞབས་ཞུ་པའི་ལས་ཀ་བྱེད་བཞིན་ཡོད།མོ་ལ་ལོ་གཅིག་གི་ནང་ཡོང་སྒོ་སྒོར་ཁྲི2དང་།བུ་ཆེ་བས་སྒོར་ཁྲི3། བུ་ཆུང་བས་སྒོར་ཁྲི2འཚོལ་ཐུབ་པས་ལོ་གཅིག་གི་ཡོང་སྒོ་ཁྲི་སྒོར7ཙམ་ཡོད།

གཞན་ཡང་རྒྱུས་ལོན་བྱས་པ་ལྟར་ན། ནོ་ཨར་མན་འཐེན་ཐུག་ཟ་ཁང་དུ་བོད་རིགས་ཞབས་ཞུ་པ་བུ་མོ་གང་མང་འདུག་པའི་ནང་།ལས་ཀར་ཧུར་བརྩོན་ཆེ་ཞིང་དོ་དམ་ལ་འཇོན་ནུས་ལྡན་པའི་བོད་རིགས་བུ་མོ་ཞིག་ཞབས་ཞུ་པ་ཚོའི་དོ་དམ་པར་བསྐོས་ཡོད།མོའི་མིང་ལ་མགོན་པོ་སྐྱིད་ཟེར་ཞིང་།ཧྭ་ལུང་རྫོང་གཅན་ཚ་མ་ནེའི་ཡིན་ཞིང་། 2016ལོ་ནས་ཟ་ཁང་དེར་ཞབས་ཞུ་པར་ཡོང་བ་ཞིག་རེད།ད་ལྟ་མོའི་ཟླ་ཕོགས་སྒོར3500རེད། མོས་བཤད་རྒྱུར།ངེད་ཚང་ནི་ཡོང་སྒོ་མང་པོ་ཅན་གྱི་ཁྱིམ་ཚང་ཞིག་མིན་པས་ད་ལྟའི་ཟླ་ཕོགས་འདི་ཙམ་གྱིས་ཀྱང་རང་ཁྱིམ་ལ་རོགས་རམ་ངེས་ཅན་ཞིག་བྱེད་ཐུབ་ཟེར།མོས་ད་དུང་བཤད་རྒྱུར།རང་གི་ཡོང་སྒོ་ལ་བརྟེན་ནས་ཕ་མ་གཉིས་ཀར་རོགས་རམ་ཆུང་ཆུང་ཞིག་དང་།ཨ་ཅེ་དང་ནུ་བོ་གཉིས་སློབ་གྲྭའི་ནང་བདེ་བླག་ངང་མཐར་ཕྱིན་པར་འཚོ་བའི་མཐུན་རྐྱེན་ཅུང་ཙམ་ཞིག་སྦྱོར་ཐུབ་ཚེ་དེ་ནི་མོའི་ད་ལྟའི་རེ་བ་ཆེ་ཤོས་ཡིན།

ཧྭ་ལུང་རྫོང་གི་ནོ་ཨར་མན་འཐེན་ཐུག་ཟ་ཁང་ནི་མི་རིགས་མཐུན་སྒྲིལ་བཟང་བའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་ལ།ཁྱིམ་ཚང་དཀའ་ཁག་ཅན་གང་མང་ཞིག་གི་ཡོང་སྒོ་འཚོལ་ས་བཟང་པོ་ཞིག་ཏུའང་གྱུར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།