མཚོ་སྔོན་ཞིང་ཆེན་དུ་ཡང་བསྐྱར་ཞིང་ཆེན་རིམ་པའི་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཞིང་ཆེན་རིམ་པའི་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཞིང་ཆེན་རིམ་པའི་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་རྨ་ལྷོ་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཛམ་གླིང་གི་མིང་གྲགས་ཆེ་བའི་རེབ་གོང་སྒྱུ་རྩལ་ཡོད་པ་དང་། དེ་ནི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། བོད་ཆངས་དབྱི་རིགས་རིག་གནས་ཐོན་ལས་བར་ཁྱམས་སྲོག་ཤིང་ཁུལ་དང་ཀྲུང་གོའི་ཆེས་ཤན་ཤུགས་ལྡན་པའི་རིག་གནས་གནས་སྐོར་དམིགས་འབེན་ས་ཁུལ་ཡིན། ཐང་ཀ་དང་འཇིམ་བརྐོས། གཙགས་དྲུབ། བོད་ཀྱི་ཟློས་གར་སོགས་ཁྱད་ལྡན་རིག་གནས་ཐོན་ལས་འདུ་འཛོམས་བྱས་ཡོད་ལ། རེབ་གོང་ལྷ་མོ་ཟློས་གར་དང་དྲུག་པའི་ཀླུ་རོལ་སོགས་གཟུགས་འདས་ཤུལ་བཞག་ཐོན་ཁུངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ནང་འགུག་བྱེད་ཀྱིན་ཡོད།

ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྨ་ལྷོ་ཁུལ་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བདམས་དོན་ནི། རྨ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་ཐོན་ཁུངས་དང་སྤུས་ཚད་མཐོན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རིག་གནས་གནས་སྐོར་བྱ་འགུལ་གཞིར་བཟུང་བ་ཡིན་ཟེར།

ཐེངས་འདིར། མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་ཐིན་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་མཉམ་ལས་སྒོས་རྨ་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྒྲོམ་གཞི་གྲོས་མཐུན་བཀོད། སྒྲོམ་གཞི་གྲོས་མཐུན་གྱིས་མཉམ་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་འཛུགས་མ་དཔེ་ལ་བརྟེན་ནས། སྟོབས་ཤུགས་ཡོད་རྒུས་རྨ་ལྷོ་ཁུལ་རིག་གནས་དང་གནས་སྐོར་ལས་རིགས་བདེ་ཐང་དང་མགྱོགས་མྱུར། རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ། རྨ་ལྷོ་ཁུལ་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུ་རེད། གྲོས་མཐུན་གཞིར་བཟུང་ནས། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་སྲིད་ཇུས་དང་འཆར་འགོད། ལས་གཞིའི་མ་དངུལ། རིག་སྟོབས། ཤེས་ལྡན་མི་སྣ། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ། ལེགས་བཅོས། དྲིལ་སྒྲོག་བརྗེ་རེས་དང་ངོ་སྤྲོད་སོགས་ཕྱོགས་ནས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་རྒྱུ་རེད།

རྨ་ལྷོ་ཁུལ་གྱིས་ས་གནས་མི་རིགས་དམངས་སྲོལ་རིག་གནས་དང་རེབ་གོང་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་སྔོག་འདོན་བྱེད་པ་དང་། རེབ་གོང་གསེར་མོ་ལྗོངས་ཀྱི་ཚོང་རྟགས་འཛུགས་སྐྲུན་བྱེད་པ། རིག་གནས་གནས་སྐོར་ཐོན་ལས་སྐྱེད་སྲིང་བྱས་ཏེ། རྨ་ལྷོ་ཁུལ་གྱི་རིག་གནས་གནས་སྐོར་གྱི་ཤན་ཤུགས་དང་ནང་འགུག་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།