མཚོ་སྔོན་བོད་ཁུལ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་འཇོན་མི་དཀོན་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་བྱེད་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐད་གཉིས་འཇོན་མི་དཀོན་པའི་གནད་དོན་ནི་མཚོ་སྔོན་བོད་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། ལྷག་པར་དུ་དེ་ནི་གཞི་རིམ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་གེགས་རྒྱ་ཆེན་པོ་ཞིག་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་དུ་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་ཞིང་། ཁྲིམས་ལུགས་ཀྱང་ཤེས་པའི་འཇོན་མི་ཧ་ཅང་དཀོན་པས། ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་བོད་ཁུལ་གྱི་བཅའ་ཁྲིམས་ཞུ་གཏུག་བྱ་བ་དོན་ཐོག་ཏུ་འདེབས་པར་དཀའ་ཁག་ཆེན་པོ་འབྱུང་བཞིན་ཡོད། དེར་བརྟེན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཧྲ་ཧྥིན་དང་པད་རྒྱལ་བཀྲ་ཤིས། བཀྲ་ཤིས་རྡོ་རྗེ། ཤ་བོ་སྒྲོལ་མ་བཅས་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་འཇོན་མི་དཀོན་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། མཚོ་སྔོན་བོད་རིགས་ས་ཁུལ་ནི་རང་བྱུང་ཁོར་ཡུག་སྡུག་རྩུབ་ཆེ་ལ་འཚོ་བའི་ཆ་རྐྱེན་ཞན་པ། དམིགས་ཕན་གཟིགས་སྐྱོང་གི་གོ་སྐབས་དེ་བསྟུན་གྱི་ཐོབ་མེད་པས། སྐད་གཉིས་ཀྱི་ཁྲིམས་འཛིན་མི་སྣ་མཐའ་ཁོབ་བོད་རིགས་ས་ཆའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་དུ་སོང་ནས་ལས་གཉེར་བྱེད་པར་འགུག་ཤུགས་མེད་པ་དང་། དེ་མིན། སྐད་གཉིས་ཀྱི་ཁྲིམས་འཛིན་འཇོན་མི་བསྡུ་དཀའ་ལ་གསོ་སྐྱོང་མ་ལག་དེ་བས་ཀྱང་མེད། ཤེས་ལྡན་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཡུན་རིང་གི་ཉམས་མྱོང་ལ་གཞིགས་ན། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ནང་ཁུལ་གྱི་གསབ་སྦྱོང་སོགས་སྤེལ་བ་ཙམ་གྱིས་དངོས་ཡོད་ཀྱི་བྱ་བའི་དགོས་མཁོ་བསྐང་ཐུབ་མེད་པས། ངེས་པར་དུ་རྒྱལ་ཁབ་རིམ་པའི་ངོས་ཐད་ནས་དམིགས་གསལ་གྱི་རོགས་སྐྱོར་སྲིད་ཇུས་བཏོན་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

འཐུས་མི་བཞི་བོའི་གྲོས་གཞིའི་ནང་བསྟན་དོན།ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་བྱེད་དཀའ་བ་དང་། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ལས་རོགས་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་ན། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ལ་འཛོམས་དགོས་པའི་ཁྲིམས་ལུགས་ཆེད་ལས་ཀྱི་དངོས་གཞིའི་བསླབ་གནས་ཀྱི་ཆ་རྐྱེན་དེ་ཆེད་སྦྱོང་གི་བསླབ་གནས་སུ་མར་འབབ་དགོས། དེ་མིན། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ལས་རོགས་བསྡུ་བའི་གཞུང་ཞབས་པའི་ཆ་རྐྱེན་ཡང་ཇེ་དམའ་རུ་བཏང་ནས་བསླབ་གནས་ཀྱི་ཆ་རྐྱེན་དེ་ཆེད་སྦྱོང་གི་བར་དུ་ལྷོད་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་ཡིན་པའི་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་ལ་རྒྱུགས་འཕྲོད་མིན་ཡང་མཐའ་གཅིག་ཏུ་གཏན་ཁེལ་མེད་པར་བྱེད་དགོས། དེ་དང་མཉམ་དུ། བོད་ཁུལ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་བྱེད་མི་སྣའི་ལས་ཀའི་དུས་བཀག་དང་ལས་འཁྱུར་ངལ་གསོའི་སྲིད་ཇུས་ལ་ཞིབ་འཇུག་གཏན་འབེབས་བྱེད་དགོས། དེ་དག་གི་རྨང་གཞིའི་སྟེང་། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཆེད་དམིགས་གསབ་སྦྱོང་སྲིད་ཇུས་ལ་ཞིབ་འཇུག་ཏན་ཏིག་བྱས་ནས་ལག་བསྟར་བྱ་དགོས། །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།