མཚོ་སྔོན་ཞིང་ཆེན་གྱིས་ཟླ1པོའི་ཚེས1ཉིན་ནས་བཟུང《མཚོ་སྔོན་གཉེན་འབྲེལ་ཐོ་འགོད་བྱ་བའི་ཚད་གཞི》ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས3ཉིན།གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་པ་ལྟར་ན།གཉེན་འབྲེལ་ཐོ་འགོད་བྱ་བ་སྔར་ལས་ཚད་ལྡན་དང་།གཉེན་འབྲེལ་ཐོ་འགོད་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོར་འདེགས།དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་པའི་ཆེད་དུ། ཞིང་ཆེན་དམངས་སྲིད་ཐིང་གིས《མཚོ་སྔོན་གཉེན་འབྲེལ་ཐོ་འགོད་བྱ་བའི་ཚད་གཞི》བཏོན་ནས །རིམ་པ་སོ་སོའི་གཉེན་འབྲེལ་ཐོ་འགོད་ཁྲུའུ་དང་གཉེན་འབྲེལ་ཐོ་འགོད་པའི་འགན་འཁྲི་གཙོ་བོ་དང་།གཉེན་འབྲེལ་ཐོ་འགོད་བྱེད་ཆོག་པའི་བྱེ་བྲག་གི་ཆ་རྐྱེན།དགོས་ངེས་ཀྱི་མཁྲེགས་ཆས་སྒྲིག་ཆས་དང་ཚད་གཞི།གཉེན་འབྲེལ་ཐོ་འགོད་ཀྱི་འབྲེལ་ཡོད་བརྒྱུད་རིམ་དང་འགྲོ་རིམ་སོགས་ཀྱི་ཐད་ནས་བྱེ་བྲག་གི་གཏན་འཁེལ་བྱས་ཡོད་ལ། ནང་སྒོས་སུ་དངོས་ཞབས་དམག་མི་དང་ཁྲིམས་ཆད་འཁུར་མཁན་གྱི་གཉེན་འབྲེལ་ཐོ་འགོད་ལ་དམིགས་བསལ་གྱི་ཆ་རྐྱེན་གསལ་པོ་བཏོན་ཡོད།གཏན་འཁེལ་དེ2019ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་།2023ལོའི་ཟླ12པའི་ཚེས31ཉིན་བར་གོ་ཆོད་པ་རེད།

《ཚད་གཞི》ནང་བསྟན་དོན།གཉེན་འབྲེལ་ཐོ་འགོད་ལས་ཁུངས་ཀྱིས་རིན་མི་ལེན་པར་གཉེན་སྒྲིག་བྱེད་མཁན་གྱི་དོ་བདག་པར་དཔང་ཡིག་སྟེར་བའི་ཞབས་ཞུ་བསྒྲུབ་པ་དང་།དོ་བདག་པ་གཉེན་སྒྲིག་དཔང་ཡིག་སྟེར་བའི་མཛད་སྒོར་ཞུགས་པར་སྐུལ་ཁྲིད་བྱས་ཏེ།གཉེན་སྲོལ་བཟང་པོ་དར་སྤེལ་དང་གཉེན་སྲོལ་རིག་གནས་གོང་སྤེལ་དུ་གཏོང་བར་འབོད་སྐུལ་གཏོང་བ་དང་།དུས་མཚུངས་སུ་གཉེན་འབྲེལ་ཁྱིམ་ཚང་གི་ཟུར་ཁྲིད་བྱ་བ་སྤེལ་བར་སྐུལ་འདེད་གཏོང་དགོས།

《ཚད་གཞི》ནང་བསྟན་དོན། གཉེན་འབྲེལ་ཐོ་འགོད་འདྲ་པར་ངེས་པར་དུ་ཚད་གཞི་དང་མཐུན་པའི་ཉེ་དུས་ཀྱི་མདོག་ལྡན་འདྲ་པར་ཡིན་དགོས་པ་ལས།མདོག་མེད་འདྲ་པར་དང་གཉེན་སྒྲིག་གྱོན་ཆས་གྱོན་པའི་འདྲ་པར།སྒྱུ་རྩལ་འདྲ་པར་སོགས་ཡིན་མི་རུང་།གྲངས་ཉུང་མི་རིགས་དོ་བདག་པས་འདོན་སྤྲོད་བྱས་པའི་འདྲ་པར་གྱི་ཚད་གཞི་ནི་མི་རིགས་ཀྱི་གོམས་སྲོལ་དང་བསྟུན་དགོས།གཉེན་འབྲེལ་ཐོ་འགོད་ལས་ཁུངས་ཀྱིསPSཐག་གཅོད་དང་མིས་བཟོས་འདྲ་པར།མདོག་ལྡན་ཤེལ་མིག་གྱོན་པ།རྣམ་འགྱུར་སྣ་ཚོགས་སྟོན་པ།མི་རང་ཉིད་དང་ཁྱད་པར་ཆེན་པོ་ཡོད་པ་དང་གཞན་ད་རུང་གྱོན་ཆས་དང་རྒྱན་ཆ་གཙང་དག་གྱོན་མེད་པའི་འདྲ་པར་མི་བསྡུ་པའི་དབང་ཆ་ཡོད།

《ཚད་གཞི》ནང་དུ《གཉེན་འབྲེལ་ཐོ་འགོད་ཀྱི་ཡིད་རྟོན་ཡི་གེ》དམིགས་སུ་ཁ་སྣོན་བྱས་ཡོད་ལ།དེའི་ནང་དུ་གཉེན་སྒྲིག་མཁན་གྱི་དོ་བདག་པ་དེ་གཉེན་སྒྲིག་ཐོ་འགོད་བྱེད་མི་རུང་བའམ་ཡང་ན་ཐོ་འགོད་ཆ་རྐྱེན་མི་ལྡན་བཞིན་དུ།དོན་དངོས་ཀྱི་གནས་ཚུལ་སྦ་གསང་བྱེད་པ་དང་དཔང་ཡིག་རྫུན་མ་འདོན་པ།མི་གཞན་གྱི་ཚབ་བྱེད་དུ་བཅུག་པ་དང་ཡང་ན་ཕྱོགས་གཅིག་ཁོ་ནས་གཉེན་འབྲེལ་ཐོ་འགོད་བྱེད་པ་དང་གཉེན་སྒྲིག་དཔང་ཡིག་ལེན་པ་བཅས་བྱས་ཏེ།བཅའ་ཁྲིམས་ཀྱི་མཇུག་འབྲས་ངན་པ་བཟོས་པར་མ་ཟད།“ཡིད་རྟོན་ཀྲུང་གོ(མཚོ་སྔོན)”ཡི་ཡིད་རྟོན་མི་རུང་བའི་མིང་ངན་པའི་ཁྲོད་དུ་བཞག་ནས་སྤྱི་ཚོགས་སྟེང་བསྒྲག་རྒྱུ་དང་།སྒེར་གྱི་ཡིད་རྟོན་མི་རུང་བའི་བྱ་སྤྱོད་དབང་གིས་ཡིད་རྟོན་ཤོར་བའི་ཆད་པ་བཅད་ན།འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་རྣམས་མི་སྒེར་གྱིས་འཁུར་དགོས་པ་གཏན་འཁེལ་གསལ་པོ་བྱས་ཡོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།