མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བར་སྤྱི་སྡོམ་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། དངུལ་རྩའི་ལས་ཁུངས། འབྲེལ་ཡོད་ཁེ་ལས། གསར་འགྱུར་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།

ལིག་ཉིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། རྙོག་འཛིང་ཆེ་བའི་གནས་བབ་དང་ཚབས་ཆེ་བའི་འགྲན་རྩོད་ཀྱི་མདུན་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་གཙིགས་སུ་འཛིན་པ་དང་ཁག་ཁུར་བྱེད་ཕོད་པ། འཐབ་འཛིང་བྱེད་ནུས་པ། བྱ་བ་སྒྲུབ་པར་མཁས་པ་བཅས་བྱས་ལ། སྲིད་ཇུས་གལ་ཆེན་གྱི་གཏན་འབེབས་དང་། ལས་གཞི་གལ་ཆེན་གྱི་ཇུས་འགོད། བཟོ་སྐྲུན་གལ་ཆེན་གྱི་ལག་བསྟར། བྱ་བ་གལ་ཆེན་གྱི་མཐུན་སྦྱོར་བཅས་ཀྱི་ཐད་ནས་གསར་སྤེལ་ཡར་བརྩོན་དང་འབད་པ་ཆེར་སྐྱེད་བྱས་ཏེ། འཕེལ་རྒྱས་བཅོས་སྒྱུར་པའི་འགྱུར་མེད་ཡིད་རྟོན་དང་ལས་བཀུར་ལས་བརྩོན། གསར་སྤེལ་གསར་གཏོད། བྱ་གཞག་སྒྲུབ་ཕོད་བཅས་ཀྱི་སྣང་བརྙན་བཟང་པོ་མཚོན་པར་བྱས། ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་གནད་འགག་གི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བཀོད་སྒྲིག་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། འཕར་སྣོན་གཏན་འཇགས་དང་བཅོས་སྒྱུར་ཡར་སྐུལ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ད་ལོའི་འཕེལ་རྒྱས་བཅོས་སྒྱུར་བྱ་བ་བཟང་པོར་སྒྲུབ་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱས་ཏེ། གལ་ཆེན་དྲུག་གི་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས། དེ་དག་ནི་སྲིད་ཇུས་བཟང་པོ་ཧུར་ཐག་གིས་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། འཆར་གཞི་གལ་ཆེན་ལ་ཧུར་ཐག་གིས་ཇུས་འགོད་བཟང་པོ་བྱེད་པ། ལས་གཞི་གལ་ཆེན་ཧུར་ཐག་གིས་ལག་བསྟར་བཟང་པོ་བྱེད་པ། བཅོས་སྒྱུར་གལ་ཆེན་ཧུར་ཐག་གིས་ཟབ་སྤེལ་བཟང་པོ་བྱེད་པ། དམངས་ཚིས་གལ་ཆེན་ལ་ཧུར་ཐག་གིས་འགན་སྲུང་བཟང་པོ་བྱེད་པ། བླང་བྱ་གལ་ཆེན་ཧུར་ཐག་གིས་དངོས་འབེབས་བཟང་པོ་བྱེད་པ་བཅས་ཡིན། དེ་དག་ལ་བརྟེན་ནས་འགོ་བཟང་པོ་ཞིག་བརྩམས་ཏེ་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།