མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞང་སྡེ་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་ཝང་ཅན་ཅུན་གྱིས་གཏམ་བཤད་ཅིང་ལིག་ཉིང་གིས་འགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞང་སྡེ་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྔོན་གྱི་ཞང་སྡེ་དར་སྤེལ་བྱ་བ་སྤེལ་བའི་གནས་ཚུལ་བསྒྲགས་པ་དང་། ཞིང་ཆེན་ཏང་ཨུའི་ཞང་སྡེ་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་དོན་སྒྲིག་སྲོལ་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་བྱ་བའི་འགན་ནུས་ལ་གྲོས་ཞིབ་བྱས་པར་མ་ཟད། མཚོ་སྔོན་གྱིས་ཞང་སྡེ་དར་སྤེལ་འཐབ་ཇུས་ཀྱི་ཞང་བརྒྱ་སྡེ་སྟོང་གི་དཔེ་སྟོན་བཟོ་སྐྲུན་གྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱེད་པར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཞང་སྡེ་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཞང་སྡེ་དར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞང་སྡེ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པར་རྒྱུས་ལོན་ནན་མོ་བྱས་ཏེ། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་འོས། ཞང་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་དང་། ཐོན་ལས་དར་སྤེལ་དང་འཇོན་མི་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་འགན་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་ཀྱིས་ཞང་སྡེ་དར་སྤེལ་ཞེས་པའི་དུས་རབས་གསར་པའི་ཞིང་གསུམ་བྱ་བའི་གནད་འདི་དམ་འཛིན་ལེགས་འཛིན་སྒོས་ཕན་འབྲས་ཐོབ་པར་བྱེད་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་ན། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་སྒྱུར་བྱས་ཏེ། ཞང་སྡེ་དར་སྤེལ་དེ་དབུལ་ཐར་མཁྲེགས་གཏོར་དང་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གསར་གཏོད་རང་བཞིན་གྱིས་ལག་བསྟར་བྱེད་དགོས། ལོ་རྒྱུས་དང་ཆོས་ཉིད། ཞིང་པ་བཅས་ལ་བརྩི་བཀུར་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་གོ་གནས་གཙོ་བོར་བརྩི་བཀུར་བྱེད་དགོས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་བརྟེན་ནས་ཞང་སྡེ་དར་སྤེལ་གོང་སྤེལ་ལ་རམ་འདེགས་བྱེད་དགོས། བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་ཅན་བཞིའི་གོམ་མཉམ་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་བགྲོད་ལམ་དུ་སྐྱོད་དགོས། དམིགས་འཛུགས་ས་དང་རྐང་ཚུགས་ས་དེ་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཀྱི་སྒྱུར་བཅོས་ཐད་འཇོག་པ་དང་། དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཀོལ་ཏེ་དེང་རབས་ཅན་གྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས། མིའི་ཕྱོགས་ཡོངས་ཀྱི་དར་རྒྱས་མངོན་འགྱུར་བྱེད་དགོས། ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ནས་རྒྱུན་ཆད་མེད་པར་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། བྱ་བ་འཐུས་ཚང་དུ་གཏོང་བ། མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་གསལ་བའི་ཞང་སྡེ་དར་སྤེལ་གྱི་ལམ་གསར་པར་སྐྱོད་དགོས།

ལིག་ཉིང་གིས་འགོ་འཛིན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཞང་སྡེ་དར་སྤེལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། དུས་རབས་གསར་པར་ཞིང་གསུམ་བྱ་བ་བཟང་པོར་སྒྲུབ་པའི་སྤྱིའི་ཐབས་ལམ་ཡིན་པས། ཆབ་སྲིད་གཙིགས་སུ་འཛིན་པ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཁྲིད་སྟོན་ལ་མམཐོང་ཆེན་བྱེད་པ་བཅས་བྱས་ཏེ། བསམ་བློ་དང་སྦྱོར་བ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། ཏང་ཨུས་ཕྱོགས་ཡོངས་ནས་གཅིག་གྱུར་གྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་ཁུར་བ། ཞིང་སྡེའི་བྱ་བའི་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། བྱ་བའི་ཐབས་ལམ་གཏན་འབེབས་གསལ་པོ་བྱེད་པ། བྱ་བའི་ནུས་པ་ཁོང་དུ་ཆུད་པར་བྱེད་པ། ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩོན་སེམས་དང་གསར་གཏོད་ཀྱི་འདུན་པ་ཆེ་རུ་བསྐྱེད་ནས། ཞིང་ཆེན་ཡོངས་ཀྱི་ཞང་སྡེ་དར་སྤེལ་གྱི་དམིགས་འབེན་དང་ལས་འགན་སྣ་ཚོགས་ལེགས་འགྲུབ་བཟང་པོ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡན་ཅིན་ཧེ་དང་ཡུས་ཚུང་ལི། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།