ལིག་ཉིང་གིས་རྨ་ཆུ་ཆུ་བེད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུའེ་ཀྲུང་མེན་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཟི་ལིང་ནས། མཚོ་སྔོན་གྱི་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱི་སྔོན་འགྲོའི་བྱ་བར་རྟོག་ཞིབ་ལ་ཡོང་བའི། རྨ་ཆུ་ཆུ་བེད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུའེ་ཀྲུང་མེན་ལ་ཐུག་འཕྲད་བྱས། 

ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཡུའེ་ཀྲུང་མེན་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བར་དགའ་བསུ་ཞུས་ནས། རྨ་ཆུ་ཆུ་བེད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་བྱ་བར་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་འདེགས་གནང་བར་བཀའ་དྲིན་ཞུས། ལིག་ཉིང་གིས་བཤད་རྒྱུར། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་འདེགས་སྐྱོར་བྱས་ཡོད་ཅིང་། ལན་གྲུ་དང་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་པ་བསྐྲུན་པའི་ལས་དོན་རྒྱུན་མཐུད་ངང་འཕེལ་བར་སྐུལ་ལྕག་བཏང་ཡོད་ལ། ཙོང་ཆུའི་བཞུར་རྒྱུན་ལུང་གཞུང་གི་སྐྱེ་ཁམས་དཔལ་འབྱོར་རྒྱུད་བསྐྲུན་པ་དང་། རྨ་ཆུ་དང་ཙོང་ཆུའི་རིག་གནས་མ་ལག་དར་སྤེལ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཆུར་གྲོན་ཆུང་བྱེད་པ་སྔོན་དུ་འགྲོ་བ་དང་བར་སྟོང་དོ་མཉམ་ཡོང་བར་བྱེད་པ། མ་ལག་གཙང་བཅོས་བྱེད་པ། ཕྱོགས་དུ་མ་ནས་ཤུགས་འདོན་པ་བཅས་ཀྱི་ཆུ་ལག་བཅོས་སྐྱོང་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་དང་དཔལ་འབྱོར་གྱི་སྤྱི་ཁོག་སྙོམ་སྒྲིག སྐྱེ་ཁམས་སླར་གསོ། ཞང་དང་སྡེ་བ་བསྐྱར་དར་སོགས་ཀྱི་ལས་དོན་གཙོ་བོར་གཅིག་གྱུར་འཆར་འགོད་འཐེན་དགོས། ལས་གཞིའི་འཐབ་ཇུས་རང་བཞིན་དང་མིག་རྒྱང་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཚན་རིག་གི་ལམ་ནས་ཆུ་སྙོམ་སྒྲིག་ཇུས་གཞིར་འཆར་འགོད་བཟོ་བ་དང་ལས་གཞིའི་སྟ་གོན་བྱ་བ་མགྱོགས་པོར་སྤེལ་བ། ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཤུགས་ཆེན་པོས་སྣ་མང་ཁ་གསབ་ཀྱི་མ་ལག་བསྐྲུན་པ། ཟི་ལིང་གྲོང་ཁྱེར་གྱི་ཆུའི་མ་ལག་དྲ་རྒྱ་བསྐྲུན་པ་བཅས་ལ་འབད་དེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་འགན་སྲུང་གང་ལེགས་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར། 

ཡུའེ་ཀྲུང་མེན་གྱིས་བསྟན་དོན། མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་ལྟ་བུ་ཡིན་པའི་ཆ་ནས། རྨ་ཆུའི་ཐོན་ཁུངས་ཀྱི་མཁོ་འདོན་ལ་འགན་སྲུང་དང་། རྨ་ཆུའི་བཞུར་རྒྱུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ནི་དུས་རབས་གསར་བའི་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་འཐབ་ཇུས་ཀྱི་དམིགས་ཚད་བཟོ་སྐྲུན་ཡིན་ལ། རྨ་ཆུའི་བཞུར་རྒྱུན་གྱི་དམངས་ཚིས་བཟོ་སྐྲུན་དང་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཡང་ཡིན་པས། རྨ་ཆུ་ཆུ་བེད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་མ་ནོར་བར་ལེན་པ། ཁྱོན་ཡོངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་པ། བཟོ་སྐྲུན་འདིའི་དམིགས་བསལ་རང་བཞིན་དང་གལ་ཆེན་རང་བཞིན་ལ་གོ་བ་ནན་མོ་བླངས་ཏེ། ཁྱོན་ཡོངས་ནས་རྒྱབ་སྐྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས་ལ། བར་མ་ཆད་པའི་སྒོ་ནས་ཆུ་བོའི་འབབ་རྒྱུན་གྱི་སྐྱེ་ཁམས་མ་ལག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལམ་ལུགས་བཏོད་དེ། ལྷོ་ཆུ་བྱང་འདྲེན་གྱི་བཟོ་སྐྲུན་ལ་ཕན་ཁེ་འཚོལ་དགོས་པར་མ་ཟད། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཐེངས་འདིའི་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།