མཚོ་སྔོན་གྱིས་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་གྱིས་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་ལིས་ཙའེ་ཡོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་མེན་ཡུང་ཧྲན་བཅས་ཚོགས་འདུར་ཞུགས། 

ཚོགས་ཐོག་ནས་ཝང་ཡུས་ཡན་གྱིས་གཏམ་བཤད་པ་དང་དབྱིན་པའེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད། གྲོས་ཚོགས་ལས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་དགོས་པར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བསམ་བློ་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། རིམ་པར་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་པའི་སྐོར་གྱི་འོས་འགན་རྩད་ཞིབ་བྱེད་ཐབས་ཅེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ལ་ཆེད་དམིགས་འཐབ་རྩོད་བྱེད་པའི་སྐོར་གྱི་ལྟ་ཞིབ་ཇུས་གཞི་གཉིས་ལ་གྲོས་ཞིབ་བྱས་པ་ལས་གཞན། དུས་རིམ་སྔོན་མའི་བྱ་བར་སྤྱི་སྡོམ་བྱས་པ་དང་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།