སྐུ་འབུམ་དགོན་པས་སྐད་གཉིས་སློབ་གསོ་ལ་རོགས་སྐྱོར་གནང་བ།

༩.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་སྐུ་འབུམ་དགོན་པའི་རྒྱུན་ལས་ཀྲུའུ་རིན་ཨ་ལགས་ར་ཁོ་ཚང་དང་ཀྲུའུ་རིན་གཞོན་པ་རྒྱལ་མཚན་མགོན་པོ། སྐུ་འབུམ་ལྔ་རིག་སྐྱེད་ཚལ་གླིང་གི་སློབ་གཙོ་བསྟན་པ་ཡར་འཕེལ་སོགས་ཟི་ལིང་གངས་སྐྱེས་སྐད་གཉིས་གསོ་སྦྱོང་སློབ་གྲྭ་དང་ཟི་ལིང་ཉི་ཟེར་བོད་དབྱིན་གསབ་ཁྲིད་གསོ་སྦྱོང་སློབ་གྲྭ་གཉིས་སུ་བསྐྱོད་དེ།  སློབ་ཆེན་སློབ་མས་ཟི་ལིང་ས་ཁུལ་གྱི་བོད་རིགས་བྱིས་པར་རང་མི་རིགས་ཀྱི་སྐད་ཡིག་གཙོ་བྱས་རྒྱའི་སྐད་ཡིག་དང་དབྱིན་ཡིག་སོགས་ཀྱི་སློབ་ཁྲིད་ལ་རྒྱུས་ལོན་དང་།  སློབ་བུ་རྣམས་ལ་སློབ་སྦྱོང་གི་མཁོ་ཆས་ཉོ་སྒྲུབ།  དགེ་སློབ་དང་བྱིས་པའི་ཁྱིམ་བདག་སོགས་ལ་རྒྱུས་ལོན་དང་འབྲེལ་འདྲིས་བྱས།  

༡.jpg

ཟི་ལིང་གངས་སྐྱེས་སྐད་གཉིས་གསོ་སྦྱོང་སློབ་གྲྭར་མིག་སྔར་དགེ་རྒན12དང་སློབ་མ70དང་། ཟི་ལིང་ཉི་ཟེར་བོད་དབྱིན་གསབ་ཁྲིད་གསོ་སྦྱོང་སློབ་གྲྭར་དགེ་རྒན8དང་སློབ་མ70ལྷག་ཡོད།  ཟི་ལིང་ས་ཁུལ་དུ་རྒྱུན་སྡོད་བོད་མི་ཁྲི20ལྷག་དང་དེའི་ཁྲོད་སློབ་ལོ་རན་པའི་བྱིས་པ་མང་ཞིང་།  ཁྱིམ་བདག་རྣམས་ཀྱིས་རང་གི་བྱིས་པར་མི་རིགས་ཀྱི་སྐད་ཡིག་དང་སློབ་གསོ་མྱོང་འདོད་ཀྱི་འདུན་པ་ཆེ་བ་བཅས་ཀྱི་གནས་ཚུལ་ལ་གཞིགས་ནས།  མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མས་བོད་རྒྱ་དབྱིན་གསུམ་གྱི་གསབ་སྦྱོང་འཛིན་གྲྭ་འདི་གཉིས་གཙོ་སྒྲུབ་བྱས་པར་བཤད།  གསོ་སྦྱོང་སློབ་གྲྭ་གཉིས་ཀྱི་གཙོ་སྒྲུབ་དགེ་རྒན་རྣམ་པས་ད་ལོའི་གསབ་སྦྱོང་སྤེལ་བའི་རྒྱུད་རིམ་དང་སློབ་མ་རྣམས་ཀྱི་ད་ལྟའི་སློབ་སྦྱོང་གི་གནས་བབས་དང་མ་འོངས་པའི་སློབ་གསོའི་འཆར་གཞི་སོགས་ངོ་སྤྲོད་གནང་བར་མ་ཟད།  སློབ་གྲྭ་གཉིས་ཀྱིས་སྙན་ཞུ་ཕུལ་བ་བརྒྱུད་སྐུ་འབུམ་དགོན་གཞུང་གིས་ད་ལོའི་གསབ་སྦྱོང་ལ་རོགས་དངུལ་གྱི་ཞལ་འདེབས་འབོར་ཆེན་གནང་བར་དགེ་སློབ་ཀུན་གྱིས་ཐུགས་རྗེ་ཆེ་ཞུས།

༧.jpg

གཞན་ད་ལོའི་དབྱར་གནང་སྐབས་དང་བསྟུན་ནས་དགོན་པའི་དོ་དམ་ཁང་གི་ཀྲུའུ་རིན་བློ་བཟང་དབང་ཕྱུག་དང་སློབ་གཉེར་གཞུང་ལས་ཁང་གི་ཀྲུའུ་རིན་རྒྱལ་མཚན་མགོན་པོ།  ལྔ་རིག་སྐྱེད་ཚལ་གླིང་གི་སློབ་གཙོ་གཞོན་པ་ཚུལ་ཁྲིམས་རྒྱ་མཚོ་བཅས་དགོན་པའི་མི་སྣ་འགའ་དཔའ་ལུང་ས་ཁུལ་དུ་སྐུ་འབུམ་དགོན་པའི་རོགས་སྐྱོར་འོག་སློབ་ཆེན་སློབ་མས་དང་བླངས་ཀྱིས་གཞི་རིམ་སློབ་གསོ་སྤེལ་བཞིན་པའི་སྡེ་བ་ཉི་ཤུ་ལྷག་ལ་གཟིགས་ཞིབ་ཏུ་བསྐྱོད།

༢.jpg

དབྱར་དགུན་གནང་སྐབས་ཀྱི་གཞི་རིམ་སློབ་གསོའི་བྱེད་སྒོ་འདི་ནི།  མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་མས་གཞི་རིམ་སློབ་གསོའི་དང་བླངས་ལ་འབྲེལ་ཡོད་དགེ་རྒན་གྱིས་སྣེ་ཁྲིད་པའི་སློབ་ཆེན་སློབ་མས་རིག་གནས་སློབ་གསོའི་ཞབས་ཞུ་གྲོང་སྡེ་ལ་བསྐྱོད་པའི་བྱེད་སྒོ་ཞིག་ཡིན།  བྱེད་སྒོ་དེར་བརྒྱུད་ནས་སློབ་ཆེན་སློབ་མས་སྤྱི་ཚོགས་ཉམས་མྱོང་གི་ནུས་པ་འདོན་སྤེལ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་བྱེད་པ།  སློབ་གྲྭའི་ཀུན་སྤྱོད་སློབ་གསོ་གཞི་རིམ་དུ་ལག་བསྟར་བྱེད་པ་བཅས་ལ་གཞིགས་ནས་སྒྲུབ་པ་ཡིན་ལ།  སྐུ་འབུམ་དགོན་གཞུང་གིས་བསྟུད་མར་ལོ་ངོ་གསུམ་གྱི་རིང་གཞི་རིམ་སློབ་གསོའི་བྱེད་སྒོ་འདིའི་དགེ་རྒན་གྱི་ཟླ་ཕོགས་དང་སྨན་བཅོས་འགན་སྲུང་།  དཔེ་དེབ་ཉོ་ཆས་ཡོད་ཚད་གནང་སྦྱིན་བྱས་ཏེ་རྒྱབ་སྐྱོར་བླ་མེད་གནང་། 

༥.jpg

ད་ལོ་སྟེ2018ལོར་ཡང་ལོ་སྔོན་མ་དག་དང་འདྲ་བར་དབྱར་གནང་སྐབས་དང་བསྟུན་ནས་སློབ་ཆེན་སློབ་མས་དང་བླངས་ཁྲོད་སློབ་མ112གདམ་ཐོན་བྱུང་སྟེ་དཔའ་ལུང་རྫོང་མངའ་འོག་གི་སྡེ་བ48ལ་བཀོད་སྒྲིག་གནང་།  སྐུ་འབུམ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཁོར་བཅས་ཀྱིས་ཡུལ་དངོས་ཀྱི་དགེ་རྒན་རྣམས་དང་སློབ་མ་སོགས་ལ་འཚམས་འདྲི་དང་།  སློབ་སྦྱོང་གི་མཁོ་ཆས་གནང་སྦྱིན་བྱས་པར་མ་ཟད།  དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་གྲ་སྒྲིག་ཟིན་ཐོ་དང་སློབ་མའི་ཉིན་རེའི་ཐོ་འགོད།  སློབ་མའི་ལས་བྱ་དང་རྒྱུགས་ཤོག  སློབ་མ་རེ་འགའི་སློབ་སྦྱོང་གི་སྤུས་ཚད་དང་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱའི་ཆུ་ཚད་བཅས་ལ་རྟོག་ཞིབ་དང་།  དགེ་རྒན་དག་གིས་གཞི་རིམ་སློབ་ཁྲིད་ཁྲོད་ཀྱི་མྱོང་ཚོར་དང་བསམ་ཚུལ་སྙན་ཞུ་ལ་ཉན་པ་དང་།  ད་དུང་སྡེ་བ་འགའི་སྡེ་དཔོན་དང་ཡུལ་མི་དག་ལ་འབྲེལ་འདྲིས་བྱས་ཏེ།  ལོ་རེའི་དབྱར་དགུན་གནང་དུ་གསབ་སྦྱོང་སློབ་ཁྲིད་སྤེལ་བའི་གནས་ཚུལ་དང་། དགེ་རྒན་རྣམས་སློབ་ཁྲིད་དང་བྱིས་པ་རྣམས་སློབ་སྦྱོང་ལ་ཞུགས་ཚད།  སློབ་ཁྲིད་ཀྱི་སྤུས་ཚད།  སྡེ་མི་རྣམས་ཀྱི་རྒྱབ་སྐྱོར་དང་སྐུ་འབུམ་དགོན་པའི་རོགས་སྐྱོར་གྱི་ཕན་འབྲས་སོགས་ལ་བརྟག་ཞིབ་གནང་། དེ་དང་མཉམ་དུ་སློབ་ཆེན་སློབ་མ་རྣམས་ཀྱིས་རང་དོན་རྒྱབ་ཏུ་བསྐྱུར་ཏེ་ལྷག་བསམ་རྣམ་དག་གིས་གཞི་རིམ་སློབ་གསོ་ཡར་རྒྱས་ལ་འབད་བརྩོན་གནང་བར་བསྟོད་བསྔགས་དང་སྐུལ་འདེད་གནང་།

༦.jpg

ཐེངས་འདིར་ལྟ་ཞིབ་ཏུ་ཕེབས་པའི་ཡུལ་ནི་གཤམ་ལྟར། གཤོང་ཞུན་ཞང་གི་མི་ཉག་ཞོལ་མ་སྡེ་བ་དང་མི་ཉག་གོང་མ་སྡེ་བ། དྷི་ཚ་བྲང་ཀ་སྡེ་བ། ལྕང་རྩ་སྡེ་བ།  ལོག་མ་སྡེ་བ།  གདོང་གཞུག་སྡེ་བ། རྡོ་འཕང་སྡེ་བ། མཚེར་ཕུག་ཞང་གི་སོག་པོ་ར་སྡེ་བ་དང་མཚེར་ཕུག་སྡེ་བ། མདོ་བ་མར་ནང་སྡེ་བ།  མདོ་བ་ར་གོང་མ་སྡེ་བ།  ཆོས་འཁོར་ཨ་འདར་ཆགས་ཀ་སྡེ་བ།  ཨ་སྡེ་གྲོང་རྡལ་གྱི་ཆོམ་ཚང་སྡེ་བ། ནང་མདོ་ཞང་གི་མཐའ་སྔོན་རྩ་སྡེ་བ།  ནང་སྟོད་ཞང་གི་དཀར་བོ་ཐང་སྡེ་བ་དང་སྐུ་འབུམ་ནང་སྡེ་བ།  རི་རྒན་ནང་སྡེ་བ།  ཨར་ཐང་ཞང་གི་ཁོ་ཚེ་སྡེ་བ་དང་ཀ་སྐྱ་སྡེ་བ།  བཱ་ཡན་གྲོང་རྡལ་གྱི་ཧྲི་ནག་སྡེ་བ།  སྟག་ཚང་ཞང་གི་སྟོད་འགྲེང་སྡེ་བ།  གསེར་གཞོངས་ཞང་གི་ཆ་བརྒྱ་སྡེ་བ་དང་བྲག་དཀར་བུ་རྒྱལ་སྡེ་བ། རྒྱ་མཁར་སྡེ་བ།  རྟ་བརྒྱ་ཞང་གི་བེའུ་བརྒྱ་སྡེ་བ་དང་མཐའ་བུ་རྒྱུད་སྡེ་བ་བཅས་སོ། །

༣.jpg

དེ་ལྟར་ཡུལ་དངོས་རྟོག་ཞིབ་བརྒྱུད་དགེ་རྒན་རྣམ་པ་དང་སྡེ་དཔོན།  སྡེ་མི་དང་བྱིས་པའི་ཁྱིམ་བདག་བཅས་ཀྱིས་སྐུ་འབུམ་དགོན་པའི་མི་རིགས་སློབ་གསོའི་བྱ་འགུལ་ལ་བླ་ལྷག་གིས་གཟེངས་བསྟོད་དང་།  སློབ་ན་སོན་པའི་བྱིས་པ་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་གཙོ་བྱས་རིག་གནས་སློབ་གསོའི་ཐད་རྒྱབ་སྐྱོར་ཚད་མེད་གནང་བ་ལ་གདེང་འཇོག་ཆེར་བྱས་པར་མ་ཟད།  སྐུ་འབུམ་དགོན་པས་གཞི་རིམ་སློབ་གསོར་རམ་འདེགས་བྱས་པར་བརྟེན་སྐད་གཉིས་སློབ་གསོ་སྔར་ལས་རྒྱ་ཆེ་དང་རྨང་ཚུགས་པའི་ལམ་ཁར་སྙེག་སྟེ།  ས་གནས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་དོ་སྙོམ་ངང་འཕེལ་རྒྱས་ཡོང་བ་ལ་རེ་སྨོན་བཅངས་ཡོད། 

༡༢.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།