མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་བསྡུས། ཧྲིན་ཀྲང་ལིག་ཉིང་གིས་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བཀོད་འདོམས་དཔོན་པོ་ཡན་ཅིན་ཧེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་ནི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དཀོན་པོ་ཞིག་ཡིན་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ནི་སྐྱེ་ཁམས་བདེ་འཇགས་དང་མང་ཚོགས་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་འཇགས་བཅས་དང་ཐད་ཀར་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཡིན། ད་ལོ་ནས་བཟུང་ས་གནས་དང་སྡེ་ཁག་སོ་སོས་སྔོན་འགོག་གཙོ་བོར་འཛིན་པ་དང་མེ་འགོག་མེ་གསོད་གཞི་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་འཁྲིའི་འོས་འགན་ལག་བསྟར་ནན་མོ་བྱས་ནས་མེ་འགོག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བར་བརྟེན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་གྲུབ་འབྲས་ཅུང་བཟང་བོ་བླངས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་གྱི་སྟོབས་ཤུགས་གལ་ཆེན་འདོན་སྤྲོད་བྱས། མིག་སྔར། ཞིང་ཆེན་ཡོངས་མེ་འགོག་བྱ་བའི་གནད་འགག་གི་དུས་རིམ་ལ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། མིག་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་གཟབ་ནན་ཅན་གྱི་རྣམ་པར་གོ་བ་ཡང་དག་བླངས་ནས། སྔར་ལས་ལྷག་པའི་སྒོ་ནས་འོས་འགན་ཇེ་དྲག་ཏུ་གཏོང་བ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྟོབས་ཤུགས་ཅི་ཡོད་ཆིག་སྒྲིལ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་འགན་ཁུར་གྱི་འདུ་ཤེས་བཟང་བོ་འཛིན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མེ་འགོག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བ། སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ལ་འབད་མཐར། བློ་ཐག་རྦད་ཆོད་སྒོས་ནགས་ཚལ་དང་རྩྭ་ཐང་གི་མེ་དགྲ་ཅི་རིགས་སེལ་བར་འབད་དེ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཁ་མིན་དོན་གྱིས་སྲུང་སྐྱོབ་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་བླངས་ཏེ། མེ་འགོག་བྱ་བ་ནི་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་སྲུང་འཛིན་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་སྤེལ་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཤིག་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པར་མ་ཟད། མེ་འགོག་མེ་གསོད་བྱ་བའི་འོས་འགན་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། མེ་བཀོལ་བའི་བདེ་འཇགས་དོ་དམ་གྱི་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་འདུ་ཤེས་ཇེ་མཐོར་བཏང་ནས། བར་མ་ཆད་པའི་ངང་ནས་མཁོ་བསྟུན་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གང་ལེགས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།