ཟི་ལིང་རྣོ་ལྕགས་སྡེ་ཚོགས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བཅོས་སྒྱུར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་གནད་ལས་ཐར་པའི་བྱ་བའི་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཆེད། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན།   ཟི་ལིང་རྣོ་ལྕགས་སྡེ་ཚོགས་ཀྱིས་དངུལ་རྩའི་རྒྱབ་སྐྱོར་བཅོས་སྒྱུར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།   ཧྲིན་ཀྲང་གཞོན་པ།  ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ལིས་མིན་གྱིས་ཟི་ལིང་རྣོ་ལྕགས་སྡེ་ཚོགས་འཕྲད་པའི་དཀའ་གནད་དང་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་པ་དང་།   མཉམ་ཤུགས་གྲུབ་པར་བྱས་ནས་ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་ཁག་ལས་ཐར་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་རྣོ་ལྕགས་སྡེ་ཚོགས་ནི་ནུབ་ཕྱོགས་ས་ཁུལ་གྱི་ཆེས་ཆེ་བའི་དམིགས་བསལ་རྣོ་ལྕགས་ཐོན་སྐྱེད་རྟེན་གཞི་ཡིན་པ་དང་།  གཅིག་དགུ་རེ་དྲུག་ལོར་འཛུགས་སྐྲུན་བྱས་པའི་ཚུན་ལ།  ཚུལ་སྒྱུར་རིམ་སྤོར་ཐེངས་གསུམ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་དཔལ་འབྱོར་བརྟན་འཇགས་ཀྱིས་འཁོར་སྐྱོད་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག

ཝང་ལིས་མིན་གྱིས་དངུལ་རྩ་སྡེ་ཁག་གིས་དུས་ཡུན་རིང་བོའི་ཚུན་ལ་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད།    མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ལྡན་ཐོན་ལས་སོགས་གཞི་རྩའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས།  ཝང་ལིས་མིན་གྱིས་བསྟན་དོན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་གནད་ལས་ཐར་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད།   མིག་སྔར།   ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་གནད་ལས་ཐར་བའི་བྱ་བར་གྲུབ་འབྲས་བཟང་བོ་བླངས་ཡོད་པ་དང་།  བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྣང་ཚུལ་བཟང་བོ་མངོན་པར་བྱས་ཡོད་ཟེར།

ཝང་ལིས་མིན་གྱིས་ནན་གྱིས་བསྟན་དོན།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ་ལྔ་བཞིའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་།   རང་འགུལ་སྒོས་ཁེ་ལས་ཀྱི་དཀའ་ཁག་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།   སྲིད་གཞུང་དང་དངུལ་ཁང་།  ཁེ་ལས་བཅས་ཀྱིས་ཕྱོགས་སོ་སོའི་ཐད་མཉམ་དུ་འབད་བརྩོན་བྱས་ཏེ་དངུལ་རྩའི་ཁོར་ཡུག་བཟང་བོ་བསྐྲུན་དགོས་པ་དང་།   ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་གནད་ལས་ཐར་བའི་ལས་འགན་ཡོངས་འགྲུབ་བྱེད་པའི་མཉམ་ཤུགས་གྲུབ་པར་བྱས་ཏེ་ཟི་ལིང་རྣོ་ལྕགས་སྡེ་ཚོགས་བཅོས་སྒྱུར་དཀའ་ཁག་ལས་ཐར་བར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཁོར་ཡུག་བཟང་བོ་བསྐྲུན་པའི་ཐད་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།