ཀའོ་ཧྭ་ཡིས་རིག་གནས་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱེད་སྐབས་ལྟ་སྐུལ་ཕན་ནུས་ལ་ཤུགས་བསྣན་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་ཡིས་རྟོག་ཞིབ་ཚན་ཆུང་ཁྲིད་ནས་རྨ་ལྷོ་དང་ཟི་ལིང་སོགས་ས་ཁུལ་ལ་ཟབ་ཞུགས་བྱས་ཏེ། རིག་གནས་ཐོན་ལས་ལས་གཞི་དང་འབྲེལ་ཡོད་ཁེ་ལས་འཕེལ་རྒྱས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཆེད་དོན་འདྲི་རྩད་བྱ་བར་བཀོད་སྒྲིག་བྱས།

ཀའོ་ཧྭ་ཡིས་བསྟན་དོན། ཆེད་དོན་འདྲི་རྩད་ནི་ལྟ་སྐུལ་བཅའ་ཁྲིམས་ཀྱིས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་པའི་ལྟ་སྐུལ་ཐབས་ལམ་ཞིག་ཡིན་ལ། བཅའ་ཁྲིམས་ཀྱིས་དམངས་ཆེན་འཐུས་མི་ལ་སྤྲད་པའི་ལས་འགན་གལ་ཆེན་ཡང་ཡིན་པས། སྲིད་གཞུང་བྱ་བར་ལྟ་སྐུལ་དང་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། མིག་སྔར་རིག་གནས་ཐོན་ལས་འཕེལ་རྒྱས་དེ་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དང་འཕྲད་ཡོད་ཅིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གནས་ཚུལ་གདམ་གསེས་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱེད་པ། རྩ་འཛུགས་བྱས་ཏེ་ཆེད་དོན་འདྲི་རྩད་སྤེལ་བ་བཅས་ནི། སྲིད་གཞུང་གིས་རིག་གནས་ཐོན་ལས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན། ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་ཅིང་ཞིབ་བསྡུར་དགེ་མཚན་མངོན་གསལ་ཡིན་པའི་ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་ཡིན་ཟེར།

ཀའོ་ཧྭ་ཡིས་ནན་གྱིས་བསྟན་དོན། ཆེད་དོན་འདྲི་རྩད་ནི་ཐབས་ལམ་ཡིན་ཞིང་། གནད་དོན་ཐག་གཅོད་པ་དང་གྲུབ་འབྲས་དངོས་ཐོབ་པ་ནི་དམིགས་ཡུལ་ཡིན་པས། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་བསམ་བློ་གཅིག་གྱུར་བྱེད་པ། ཆེད་དོན་འདྲི་རྩད་དང་ལེན་བྱེད་རྒྱུ་དེ་མི་འདང་ས་འཚོལ་ཞིབ་བྱེད་པ་དང་བྱ་བར་ཡར་སྐུལ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གོ་སྐབས་གལ་ཆེན་དུ་བརྩིས་ཏེ། རང་འགུལ་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་ལ་བརྗེ་རེས་སྦྲེལ་མཐུད་བྱེད་པ་དང་། སེམས་ཞིབ་མོས་འདྲི་རྩད་དང་ལེན་བྱེད་པར་གྲ་སྒྲིག་བྱས་ནས་ཆེད་དོན་འདྲི་རྩད་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་ལ། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གིས་གཏིང་ཟབ་ཅིང་རྒྱུ་སྤུས་མཐོ་བའི་རྟོག་ཞིབ་སྙན་ཞུ་གྲུབ་པར་བྱས་ནས། དམིགས་སའི་རང་བཞིན་ཅུང་དྲག་པོ་ལྡན་པའི་བསམ་འཆར་བཏོན་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཆེན་དོན་བྱ་བའི་སྙན་ཞུ་དང་ཆེད་དོན་འདྲི་རྩད་སྤེལ་བའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།