ཝང་ཡུས་པའོ་ཡིས་དངུལ་གཏོང་ལས་གཞི་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དུ་སོང་སྟེ་དངུལ་གཏོང་ལས་གཞིའི་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས། ཁོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱི་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་བྱ་བའི་གྲོས་ཚོགས་སྟེང་གི་གཏམ་བཤད་ཀྱི་སྙིང་སྟོབས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དངུལ་གཏོང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ། དངུལ་གཏོང་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་སོགས་སྔ་གཞུག་ཏུ་རྨ་ཆུ་ཆུ་གློག་ཉི་གློག་ཐོན་ལས་ལག་རྩལ་ལྟེ་གནས་དང་། མཚོ་སྔོན་པིས་ཡ་ཏིས་ལིས་གློག་ལས་གཞི་སོགས་ཀྱི་ཡུལ་དངོས་སུ་སོང་སྟེ། བཟོ་ལས་ལས་གཞིའི་དངུལ་གཏོང་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་གསར་སྤེལ་ས་ཁུལ་དང་འབྲེལ་ཡོད་ཁེ་ལས་ཀྱི་བྱ་བར་ཁས་ལེན་བྱས་པར་མ་ཟད། དངུལ་གཏོང་ནི་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་། ལས་གཞི་འཕེལ་རྒྱས་ཀྱི་ཐབས་ལམ་ཡིན་པས། དེང་སྐབས་ཀྱི་དཀའ་ཁག་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་ལས་གཞི་བྱ་བ་བཟང་བོར་བསྒྲུབ་སྟེ། ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན། དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་ཐད་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བར་ཤུགས་སྣོན་པ། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། སྔར་ལས་མང་པོའི་ཁེ་ལས་གཙོ་བོ་མཚོ་སྔོན་དུ་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།