མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པར་རྗེས་དྲན་ཞུ་བའི་བྱ་འགུལ་ལ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པའི་ལོ་ཡིན་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡང་ཡིན་པས། མིག་སྔར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པར་རྟེན་འབྲེལ་ཞུ་བའི་རྗེས་དྲན་བྱ་འགུལ་ལ་རྩ་འཛུགས་བཟང་བོ་བྱེད་པ་དང་ནན་ཏན་སྒོས་སྤེལ་བར་བཀོད་སྒྲིག་བྱས།

བརྡ་སྦྱོར་ནང་། སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློའི་སློབ་གསོ་ལ་ཤུགས་སྣོན་པ་དང་། བདུན་གཅིག་ལ་རྗེས་དྲན་ཞུ་བ་གོ་སྐབས་སུ་བརྩིས་ནས། བསམ་བློ་སློབ་གསོ་དེ་རྗེས་དྲན་བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་བཅས་ལ་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཉེ་དེང་རབས་ཀྱི་ལོ་རྒྱུས་དང་ལྷག་པར་དུ་ང་ཚོ་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་སྤྱི་སྡོམ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་གོ་བདུན་རིང་གི་འབད་འཐབ་ལོ་རྒྱུས་དང་གཟི་བརྗིད་སྲོལ་རྒྱུན། ཕུལ་བྱུང་སྲོལ་རྒྱུན་ལ་སློབ་སྦྱོང་དང་སྤྱི་སྡོམ་བྱེད་པ། གུང་ཁྲན་ཏང་ཡོན་དང་གསར་བརྗེ་སྔོན་གཤེགས་དཔའ་བོ་མང་པོའི་གསར་བརྗེའི་ཕུགས་འདུན་དང་ལས་དོན་ལ་བློ་དཀར་བའི་ཕུགས་འདུན་ཡིད་རྟོན་དང་བླ་མེད་ཀུན་སྤྱོད་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ། ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་འགོ་འཛིན་བྱས་ནས་མི་རིགས་རང་བཙན་མངོན་འགྱུར་དང་མི་དམངས་བདེ་སྐྱིད་ཡོང་བར་བྱེད་ཆེད་རྒྱུན་མ་ཆད་པར་འབད་འཐབ་བྱས་པ་མ་ཟད་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་ལས་དོན་ཐད་ནས་རྒྱལ་ཁ་དང་རླབས་ཆེན་གྱི་གྲུབ་འབྲས་བླངས་པར་ངོས་འཛིན་གང་ལེགས་བྱེད་དགོས། སློབ་སྦྱོང་སློབ་གསོ་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་རང་རྟོན་བཞི་སྔར་ལས་ཇེ་བརྟན་དང་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བྱ་བ་བརྟན་བརླིང་ངང་སྤེལ་བ། འབད་འཐབ་ལྷོད་མེད་དང་གྲུབ་འབྲས་བཟང་བོ་ལེན་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བསྒྱུར་བ་བཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང། སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་སྟེང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། རྗེས་དྲན་བྱ་འགུལ་རྣམ་པ་སྣ་མང་སྤེལ་དགོས། གཅིག་ནས་དམ་བཅའ་སེམས་སུ་བརྟན་པོར་འཛིན་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་བརྗོད་དོན་དུ་བྱས་ནས། ཡང་བསྐྱར་ཏང་ནང་དུ་ཞུགས་པའི་སྐབས་ཀྱི་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ་དགོས། གཉིས་ནས་ཏང་ཀྲི་པུའུ་སྡེ་ཁག་ཏུ་བྱས་ནས། ཆེད་དོན་ཏང་གི་སློབ་ཁྲིད་བྱེད་པ་དང་། ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་འགོ་ཁྲིད་དེ་ཏང་གི་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་དགོས། གསུམ་ནས་གཞི་རིམ་དུ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་དགོས། བཞི་ནས་ཏང་ཀྲི་པུའུ་སྡེ་ཁག་ཏུ་བྱས་ནས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་གྲུབ་འབྲས་ལ་ཕྱིར་ལྟ་བྱེད་པ་བརྗོད་དོན་དུ་བྱས་པའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཐེངས་ཤིག་བསྡུ་དགོས། ལྔ་ནས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཞི་རིན་གྱི་སྔོན་ཐོན་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོབ་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་ཉེ་འགྲམ་གྱི་སྔོན་ཐོན་དཔེ་ལེགས་ཅན་ལ་སློབ་སྦྱོང་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་དགོས་པའི་རེ་བ་བཏོན་ཡོད།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་པ། བཀོད་སྒྲིག་ཞིབ་ཕྲ་བྱས་ནས། བདུན་གཅིག་ལ་རྗེས་དྲན་ཞུ་བའི་བྱ་འགུལ་བཟང་བོར་སྤེལ་དགོས། རྗེས་དྲན་བྱ་འགུལ་གྱི་རྒྱ་ཆེ་རང་བཞིན་དང་ཕན་འབྲས་རང་བཞིན་ལ་དོ་སྣང་བྱེད་པ་དང་། ཕན་འབྲས་ལ་མཐོང་ཆེན་བྱེད་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་བརྩི་སྲུང་ནན་མོ་བྱེད་པ། དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།