མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལིའུ་ཕན་རི་བོ་ས་ཁུལ་གྱི་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལིའུ་ཕན་རི་བོ་ས་ཁུལ་གྱི་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་གྱི་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་ཏུའུ་ཅེ་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་ཕན་རི་བོ་ས་ཁུལ་གྱི་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་དེ་ཉིན་ཞ་དང་ཀན་སུའུ། ཧྲན་ཞི། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱིས་རེས་འཁོར་ནས་གཙོ་སྒྲུབ་བྱེད་ཀྱིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་སྲིད་གྲོས་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱས་ནས། ལིའུ་ཕན་རི་བོ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་གྲོས་སྡུར་བྱས་ཏེ། ས་དེའི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གཙོ་སྒྲུབ་བྱེད་པའི་ལིའུ་ཕན་རི་བོ་ས་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་ཐད་ཀྱི་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་བ་དེ་ཟླ་བདུན་པའི་ཟླ་སྟོད་དུ་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་མཆན་བཀོད་མཛུབ་སྟོན་གནང་། ཞིང་ཆེན་སྲིད་གྲོས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ། གྲོས་ཚོགས་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་བསྒྲུབ་ཀྱིན་པའི་སྒང་རེད།

ཚོགས་ཐོག་ནས་བྱ་བའི་ཚན་ཆུང་སོ་སོའི་གྲ་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལིའུ་ཕན་རི་བོ་ས་ཁུལ་གྱི་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། དེ་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་ཐད་ཀྱི་འཐབ་ཇུས་བསམ་བློ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་ཇུས་ཆོད་བཀོད་སྒྲིག་མངོན་པར་མཚོན་པ། ལིའུ་ཕན་རི་བོ་ས་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་ཐད་ནས་བླངས་པའི་གྲུབ་འབྲས་འགྲེམ་སྟོན་གང་ལེགས་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་ལིའུ་ཕན་རི་བོ་ས་ཁུལ་དབུལ་ཐར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཀྱི་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།