མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་སྲིད་ཇུས་ཀྱིས་གནད་ཕིགས་དབུལ་སྐྱོར་ལ་རོགས་འདེགས་བྱེད་པའི་ལག་བསྟར་བསམ་འཆར་ཕྱིར་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་དོན་དངོས་དང་མཐུན་པའི་སྒོ་ནས་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་དཔར་ནས་བཀྲམ་སྟེ། དབུལ་ཕོངས་མི་སྣ་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་དབུལ་ཕོངས་མི་སྣའི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ། སྤྱི་ཚོགས་གཟིགས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་བྱེད་ཐབས་ཉི་ཤུ་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་སྣ་དང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ། དམིགས་བསལ་དབུལ་ཕོངས་མི་སྣ་དག་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ཏེ་གནད་ཕིགས་དབུལ་ཐར་ལ་རོགས་འདེགས་བྱས།

དབུལ་ཕོངས་མི་སྣ་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་ནས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོར་ཞུགས་པའི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཐར་བྱས་མེད་པའི་དབུལ་ཕོངས་མི་སྣ་དང་། མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ། དམིགས་བསལ་དབུལ་ཕོངས་མི་སྣ་སོགས་དཀའ་ཁག་ཡོད་པའི་མང་ཚོགས་ལ་སང་ལོ་ནས་བཟུང་ནས་སྲིད་གཞུང་གིས་རྒན་གསོའི་འགན་སྲུང་དངུལ་སྒོར་ལྔ་བཅུ་སྤྲོད་རྒྱུ་ཡིན་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་ལ་མི་རེར་ལོ་རེར་སྒོར་སུམ་བརྒྱའི་རྒན་གསོའི་འགན་སྲུང་དངུལ་སྤྲོད་རྒྱུ་ཡིན་པར་མ་ཟད། ཚབས་མི་ཆེ་བའི་དབང་བོ་སྐྱོན་ཅན་ལ་མི་རེར་ལོ་རེར་སྒོར་ལྔ་བཅུའི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་བྱིན་ཏེ་རིམ་བཞིན་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་སྲུང་གི་རྨང་གཞིའི་རྒན་གསོའི་འགན་སྲུང་དངུལ་གྱི་ཚད་གཞི་མཐོར་འདེགས་གཏོང་རྒྱུ་རེད། དེ་དང་མཉམ་དུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་དབུལ་སྐྱོར་བྱེད་ཡུལ་དུ་གཏན་ཁེལ་བྱས་ཚེ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་སྲུང་གི་རྨང་གཞིའི་རྒན་གསོ་དངུལ་གནས་སྐབས་སུ་ཁྱིམ་ཚང་གི་ཡོང་འབབ་ཁྲོད་འཇོག་རྒྱུ་མ་རེད།

དབུལ་ཕོངས་མང་ཚོགས་ཀྱི་གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་ནས། ལག་བསྟར་བསམ་འཆར་ནང་གཏན་ཁེལ་བྱས་དོན། མུ་མཐུད་དུ་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཐར་བྱས་མེད་པའི་དབུལ་ཕོངས་མི་སྣ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་སྣའི་ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་ཚད་གཞི་སྔོན་གྱི་སྒོར་སྟོང་ལྔ་ནས་སྒོར་སྟོང་གསུམ་ལ་ཇེ་དམར་གཏོང་བ། དབུལ་ཕོངས་མང་ཚོགས་ཀྱི་སྒོ་བསྟེན་དམིགས་བསལ་ནད་དང་དལ་བའི་རང་བཞིན་གྱི་ནད་གསལ་འབྱེད་བྱེད་པའི་སྨན་ཁང་གི་རིམ་པ་ཇེ་དམར་བཏང་སྟེ་ཞིང་ཆེན་ནང་ཁུལ་གྱི་རིམ་པ་གསུམ་པ་དང་རང་གྲོང་ཁྱེར་དང་ཁུལ་གྱི་རིམ་པ་ཆེས་མཐོ་བའི་སྨན་ཁང་ནས་རྫོང་ཁོངས་ཀྱི་འབྲེལ་ཡོད་ནད་རིགས་ཀྱི་ནད་གཞི་བརྟག་དཔྱད་ཚན་ཁག་ཡོད་པའི་གནས་གཏན་ཕྱོགས་བསྡུས་སྨན་ཁང་དུ་ཇེ་དམར་བཏང་བར་མ་ཟད། ཡིག་ཐོག་སྙན་ཞུའི་གོ་རིམ་སྟབས་བདེ་རུ་བཏང་བ་དང་དུས་ཚོད་ཇེ་ཉུང་དུ་བཏང་སྟེ་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མང་ཚོགས་འགན་སྲུང་ཁྱབ་ཁོངས་ཁྲོད་བཞག་སྟེ་ཁོ་ཚོའི་དམིགས་བསལ་ནད་དང་དལ་བའི་རང་བཞིན་གྱི་ནད་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བར་འགན་སྲུང་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།