ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་ང་བཞི་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁྲ་པུའུ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཡཱ་ཨར་མཱ་ལེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་ནས་བཟུང་ཞིང་ཆེན་དེའི་ཐཱ་ལེ་པན་དྲག་ཆས་པར་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་ང་བཞི་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་བཅུ་བདུན་ལ་རྨས་ཕོག་ཟེར། 

ཡཱ་ཨར་མཱ་ལེ་ཡིས་བཤད་རྒྱུར། ཐེངས་འདིའི་གཙང་ཕྱགས་འགུལ་སྐྱོད་ནི་དེའི་སྔོན་ཐཱ་ལེ་པན་དྲག་ཆས་པས་ཞིང་ཆེན་དེའི་ཏཱ་དབྱེ་ཁྲུའུ་ཕན་ས་ཁུལ་གྱི་བདེ་འཇགས་སོ་ལྟ་ཁང་སྐོར་ཞིག་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་ཡིན་ཟེར། བསད་པའི་དྲག་ཆས་པའི་ནང་དུ་ཐཱ་ལེ་པན་གྱི་ས་དེའི་མགོ་བ་གཙོ་བོ་འགའ་འདུས་ཀྱང་། ཁོས་མི་དེ་དག་གི་མིང་གསལ་བོར་བཤད་མེད། 

ཡཱ་ཨར་མཱ་ལེ་ཡིས་ད་རུང་བསྟན་དོན། བདེ་འཇགས་དམག་དཔུང་གི་དམག་མི་དྲུག་གཙང་ཕྱགས་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་དག་གིས་ཏཱ་དབྱེ་ཁྲུའུ་ཕན་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་ཡོད་པར་བཤད་ཀྱང་། བརྗོད་ཚུལ་དེར་བདེན་དཔང་ཐོབ་དཀའ་བར་གྱུར་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།