ཨ་ཧྥེ་རི་ཁ་གླིང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གླེང་སྟེགས་ཐོག་མ་ཨེ་ཅིབ་ནས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གླེང་སྟེགས་ཐོག་མ་ཚེས་བཅུ་གཉིས་ཉིན་ཨེ་ཅིབ་ཀྱི་མཚོ་དམར་མཚོ་འགྲམ་གྱི་ཧྲ་མུའུ་དབྱེ་ཧི་གྲོང་ཁྱེར་ནས་སྤེལ་མགོ་བརྩམས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ལྔ་བཅུ་དང་རྒྱལ་སྤྱིའི་རྩ་འཛུགས་དགུའི་མཐོ་རིམ་དཔོན་པོ་དང་འཐུས་མི་དག་གླེང་སྟེགས་ལ་ཞུགས། 

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པ་ལས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་འབྲེལ་བྱས་ཏེ། ཁྲིམས་འཛུགས་དང་ཁྲིམས་འཛིན། ལྟ་ཞིབ་སོགས་ཀྱི་བྱེད་ཐབས་མང་བོར་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས། སེ་ཞི་ཡིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། མཉམ་དུ་ཁྱབ་ཁོངས་སོ་སོར་བྱུང་བའི་རུལ་སུངས་སྣང་ཚུལ་སྔོན་འགོག་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཨེ་ཅིབ་ཀྱིས་རྣམ་པ་གང་རུང་ལ་བརྟེན་ནས་རུལ་སུངས་ལ་ཆམ་ཕབ་བཏང་སྟེ་གྲུབ་འབྲས་ངེས་ཅན་བླངས་ཡོད་ཟེར། 

གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་དཔོན་རིགས་དག་གིས་སྲིད་གཞུང་དཔོན་རིགས་ཀྱི་དོ་དམ་ལ་ཇི་ལྟར་ཤུགས་སྣོན་པ་དང་། སྲིད་གཞུང་འཁོར་རྒྱུག་གི་གསལ་ཚད་ཇི་ལྟར་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད་སྤེལ། 

ཐེངས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོགས་ཞུགས་མཁན་དག་གིས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྐྱེན་སྲོལ་ཇི་ལྟར་འཛུགས་པ་དང་། རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། ཁྲིམས་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།