སི་རི་ཡཱའི་ཙུང་ཐུང་གིས་སི་རི་ཡཱ་དང་དབྱི་རག་གི་འབྲེལ་བར་ཤུགས་སྣོན་བྱེད་པ་ནན་བཤད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། སི་རི་ཡཱ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་ཕན་ཐོགས་ཡོད་ཟེར། 

པཱ་ཧྲ་ཨར་གྱིས་འཚམས་འདྲིར་ཡོང་བའི་དབྱི་རག་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཧྥ་ཡཱ་ཏིས་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། མིག་སྔའི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལས་སི་རི་ཡཱ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱིས་ཁ་བྲལ་གཡོ་ཇུས་དང་ཕྱི་ཕྱོགས་ཀྱི་དགྲ་བོའི་འཆར་འགོད་ཡོད་པའི་རྙོག་འཛིང་གི་དུས་འདིར་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་ཐབས་ཇུས་ཀྱི་སྒེར་ཚུགས་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་སི་རི་ཡཱ་དང་དབྱི་རག་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས་པ་དང་། ཁྱབ་ཁོངས་སོ་སོ་ནས་སི་རི་ཡཱ་དང་དབྱི་རག་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དགོས་གལ་རང་བཞིན་ནན་བཤད་བྱས་ཡོད། 

ཧྥ་ཡཱ་ཏིས་ཀྱིས་བསྟན་དོན། སི་རི་ཡཱ་འཇིགས་སྐུལ་རིང་ལུགས་ལས་རྣམ་པར་རྒྱལ་བ་དེ་ཡང་དབྱི་རག་གི་རྒྱལ་ཁ་ཞིག་ཡིན་པ་དང་། དབྱི་རག་གིས་བླངས་པའི་དམག་དོན་གྲུབ་འབྲས་གང་ཡིན་ཡང་སི་རི་ཡཱའི་གཏན་འཇགས་ལའང་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།