ཅིན་ཀྲིན་ཨིན་གྱིས་ཆ་རྐྱེན་ལྡན་པའི་གནས་ཚུལ་འོག་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ཐེངས་གསུམ་པ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

2.jpg

འདི་ནི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་འདོན་སྤྲོད་བྱས་པའི་ཅིན་ཀྲིན་ཨིན་གྱི་རྒྱུ་ཆའི་པར་རིས་ཤིག་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་རྣམ་འགྱུར་ཡང་དག་བསྟན་ནས་ཁྲའོ་ཞན་གྱིས་ཁས་ལེན་ཆོག་པའི་བྱེད་ཐབས་རྙེད་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ཐེངས་གསུམ་པ་སྤེལ་བའི་ཐད་ནས་ཁྲའོ་ཞན་གྱིས་ཡང་བསྐྱར་ཚོད་ལྟ་ཞིག་བྱེད་འདོད་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ད་ལོའི་ལོ་མཇུག་གི་བར་དུ་ངས་བཟོད་བསྲན་ཆེན་མོས་ཨ་མེ་རི་ཁའི་ཆོད་དོན་ལ་རེ་སྒུག་བྱེད་སྲིད་ཀྱང་། ཧི་ནེའི་གྲོས་མོལ་ལྟ་བུའི་གོ་སྐབས་དེ་འདྲའི་བཟང་བོ་ཞིག་འབྱུང་བར་དཀའ་ཁག་ཆེ་བ་ཁོ་ཐག་རེད་ཟེར། 

ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་སྐབས་བཅུ་བཞི་བའི་ཆེས་མཐོའི་མི་དམངས་གྲོས་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གླེང་བ་དེ་བཞིན་དུ། ཁོ་དང་ཐི་ལིང་ཕུའུ་བར་གྱི་མི་སྒེར་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལྟར་དུ་དགྲར་འཛིན་གྱི་འབྲེལ་བ་མིན་ཟེར། ང་ཚོས་སྔར་བཞིན་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། གལ་ཏེ་འདུན་པ་ཡོད་ན་དུས་ངེས་མེད་དུ་ཕན་ཚུན་ལ་འཚམས་འདྲིའི་འཕྲིན་ཡིག་བསྐུར་ཆོག་ཟེར། 

ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཐེངས་མང་བོར་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ཐེངས་གསུམ་པ་སྤེལ་བའི་གནད་དོན་གླེང་ཡང་། ཁྲའོ་ཞན་གྱིས་ཧི་ནེའི་གྲོས་མོལ་དེ་ལྟ་བུའི་མགོ་གཙོའི་གྲོས་མོལ་ལ་དགའ་བསུ་མི་བྱེད་པ་དང་དེར་སྤྲོ་བའང་མེད་ཟེར། 

ཅིན་ཀྲིན་ཨིན་གྱིས་བལྟས་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དགྲར་འཛིན་གྱི་སེམས་ཁམས་ཟབ་མོ་ཡོད་པའི་གནས་ཚུལ་འོག ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་སྒྲོག་ལག་བསྟར་བྱ་དགོས་ན། ཕྱོགས་གཉིས་ཀྱིས་ཕྱོགས་གཅིག་དང་ཆ་རྐྱེན་བསྐྱུར་ནས། རང་རང་གི་ཁེ་ཕན་འབྲེལ་བར་འཚམ་པའི་འཛུགས་སྐྲུན་རང་བཞིན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པར་འདོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།