ཕོ་བྲང་དཀར་པོས་ཨ་མེ་རི་ཁའི་གསང་ཉུལ་བའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གིས་ལས་འགན་བསྐྱུར་བ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་གསང་ཉུལ་བའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཨོ་ཨར་སི་ཡིས་ཉེ་སྔོན་ལས་འགན་བསྐྱུར་རྒྱུ་རེད་ཟེར། ཙུང་ཐུང་ཐི་ལིང་ཕུའུ་ཡིས་གསང་ཉུལ་བའི་ལས་དོན་ཁྲུའུ་ཡི་འཇོན་ཐང་ལྡན་པའི་མའོ་ལི་ཡིས་ཁྲུའུ་ཀྲང་གི་ལས་འགན་ཁུར་དགོས་པ་དམིགས་འཛུགས་བྱས། 

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། མའོ་ལི་ཡིས་ཟླ་ལྔ་བ་ནས་བཟུང་གསང་ཉུལ་བའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར་རྒྱུ་རེད་ཟེར། གསལ་སྒྲོག་ལས་ཨོ་ཨར་སི་ཡིས་ལས་འགན་བསྐྱུར་བའི་རྒྱུ་རྐྱེན་གསལ་བོར་བསྒྲགས་མེད། 

ཨོ་ཨར་སི་ནི་སྔོན་ཆད་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་དཔོན་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བར་གསང་ཉུལ་བའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དུ་བསྐོ་འཇོག་བྱས་པ་རེད། 

གསང་ཉུལ་བའི་ལས་དོན་ཁྲུའུ་ནི་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཁྲིམས་འཛིན་ལས་ཁུངས་ཡིན་པ་དང་། དེའི་ལས་འགན་གཙོ་བོ་ནི་ཨ་མེ་རི་ཁའི་མགོ་ཁྲིད་པ་དང་དངུལ་ལོར། རྨང་གཞིའི་སྒྲིག་ཆས་གཙོ་བོ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། གསང་ཉུལ་བའི་ལས་དོན་ཁྲུའུ་དེ་སྔོན་ཆད་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཁོངས་སུ་གཏོགས། ཉིས་སྟོང་གསུམ་ལོར་ལས་ཁུངས་ལེགས་སྒྲིག་བྱས་རྗེས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་ཁོངས་སུ་གཏོགས་པ་རེད། 

སྔ་ཉིན་ཐི་ལིང་ཕུའུ་ཡིས་དྲ་ཐོག་ནས་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཀྲང་ནེ་ཨར་སིན་གྱིས་ལས་འགན་བསྐྱུར་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།