དབྱི་ལིང་གིས་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་རྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་དང་དེའི་ཨེ་ཤ་ཡཱ་ནུབ་མར་སྡོད་པའི་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཡིན་ཟེར། 

དབྱི་ལིང་རྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་ལ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ལྡན་པས། དབྱི་ལིང་གིས་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་དང་དེའི་ཁོངས་སུ་གཏོགས་པའི་ཨེ་ཤ་ཡཱ་ནུབ་མར་སྡོད་པའི་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་དག་གིས་ཨེ་ཤ་ཡཱ་ནུབ་མ་ས་ཁུལ་ནས་ཐལ་སྤྱོད་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ནམ་རྒྱུན་ས་ཁུལ་རང་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བར་བརྩོན་བཞིན་ཡོད་ཟེར། གསལ་སྒྲོག་ལས་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་གསར་བརྗེ་ཉེན་སྲུང་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཉེན་ཁ་ཆེ་བ་ཞིག་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བྱེད་ཐབས་དེར་གཞི་འཛིན་ས་ཅི་ཡང་མེད་ཅིང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱབ་འགལ་དུ་སོང་ཡོད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་བྱ་སྤྱོད་དེ་ལས་བྱུང་བའི་ཉེན་ཁའི་མཇུག་འབྲས་ཚང་མར་འགན་ཁུར་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།