སི་རི་ཡཱའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དབུས་ཕྱོགས་ཀྱི་མེད་སི་ཡཱ་ཧྥུའུ་གྲོང་ཁྱེར་དུ་ཚེས་བདུན་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་གྱི་མེད་སི་ཡཱ་ཧྥུའུ་གྲོང་ཁྱེར་ལ་ཉིན་དེར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས། མེ་སྒྱོགས་མང་བོ་གཞུང་བཙུགས་སྨན་ཁང་ཞིག་ལ་ཕོག་ནས། སྨན་བཅོས་མི་སྣ་དང་བཅས་པའི་མི་ཉི་ཤུར་ཤི་རྨས་ཐེབས། སི་རི་ཡཱའི་དམག་ཕྱོགས་ཀྱིས་བསྟན་དོན། མེ་སྒྱོགས་དེ་ཧཱ་མཱ་ཞིང་ཆེན་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་གཏོང་འཕེན་བྱས་པ་ཡིན་ལ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་དྲག་ཆས་ཉེས་ཅན་ལ་མེ་སྒྱོགས་གཏོང་འཕེན་བྱས་ནས་རྒོལ་ལན་སྤྲད་ཡོད་ཟེར། 

བསྒྲགས་པ་ལྟར་ན། སྔ་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཧཱ་མཱ་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་མང་བོར་མེ་སྒྱོགས་གཏོང་འཕེན་བྱས་ནས་མི་སྣར་ཤི་རྨས་བཟོས་ཡོད་ཟེར། 

འཇབ་རྒོལ་ཐེབས་སའི་ས་ཁུལ་དེ་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱ་ནས་བཙུགས་པའི་དབྱེ་ཏི་ལེ་པུའུ་དམག་དོན་མ་ཡིན་པའི་ས་ཁུལ་དང་ཉེ་བས། སྲིད་གཞུང་དམག་དཔུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་ཐེངས་འདིའི་འཇབ་རྒོལ་ནི་དམག་དོན་མ་ཡིན་པའི་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།