ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སིའི་དམག་དཔུང་གི་ཉེ་བའི་ལོ་འགའི་རིང་གི་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚེས་བཅུ་གཅིག་ཉིན་མའོ་སི་ཁི་ནས་སྤེལ། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚོགས་ཐོག་ནས་གནད་བསྡུས་པའི་སྒོ་ནས་ཉིས་སྟོང་བཅུ་གཉིས་ལོའི་ཚུན་གྱི་ཨུ་རུ་སིའི་དམག་དོན་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་རྒྱང་རིང་གི་ཆམ་ཕབ་སྟོབས་ཤུགས་ཀྱི་འཕེལ་རྒྱས། དམག་བཀོལ་མི་བསྡད་མེད་པའི་གནམ་གྲུའི་སྒྲིག་སྦྱོར་སོགས་ཐད་ཀྱི་གནས་ཚུལ་རྒྱས་བཤད་བྱས། 

ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེའི་ཚོགས་ཐོག་ནས་བསྟན་དོན། ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་གྱི་ཁི་ཅེ་ལེ་ནེ་གླིང་ཕྲན་དང་ཡཱ་ལེ་ཧྲན་ཏཱ་གླིང་ཕྲན། ཧྥོ་ལན་ཀི་ཨར་གླིང་ཕྲན། ཧྲི་མུས་ཐི་གླིང་ཕྲན་བཅས་སུ་དམག་དོན་སྒྲིག་ཆས་བཞི་བརྒྱ་དང་དོན་ལྔ་འཛུགས་སྐྲུན་བྱས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བདུན་བརྒྱ་དང་བཅུ་ལས་བརྒལ་ཡོད། དམག་དོན་སྒྲིག་ཆས་དེ་དག་ཏུ་དམག་མི་བཅའ་སྡོད་བྱས་ཡོད་པར་མ་ཟད། དམིགས་བསལ་གྱི་མཚོན་ཆ་དང་བཟོ་སྐྲུན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་ཕྱེད་གླིང་གི་དམག་དོན་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཡོད་པ་དང་། ས་དཀྱིལ་མཚོ་ཁོངས་ས་ཁུལ་དུ་བཀོད་འདོམ་པུའུ་བཙུགས་ཏེ། དམག་གྲུ་དག་ས་ཁུལ་དེར་འགུལ་སྐྱོད་བྱེད་པར་མཐུན་སྦྱོར་སྟབས་བདེ་བཟོ་བཞིན་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་རྒྱང་འཕེན་ཆམ་ཕབ་སྟོབས་ཤུགས་གླེང་སྐབས་བཤད་རྒྱུར། ཨུ་རུ་སིའི་རྒྱང་འཕེན་ཆམ་ཕབ་སྟོབས་ཤུགས་ལས་བསྡོམས་པས་ཡཱ་ཨར་སི་གླིང་ཆེན་བར་གྱི་འཕུར་མདའ་བརྒྱ་དང་དགུ་དང་། རིགས་སྣ་ཚོགས་ཀྱི་མི་མངོན་པའི་གཏོང་འཕེན་འཕུར་མདའ་བརྒྱ་དང་བརྒྱད་ཡོད་བསྡུ་ལེན་བྱས་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་ད་རུང་ཨུ་རུ་སིའི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུའི་དམག་དཔུང་གི་འཕེལ་རྒྱས་གནས་ཚུལ་གཙོ་བོར་བཟུང་ནས་མཚམས་སྦྱོར་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།