རོ་མཱ་ནི་ཡཱ་དང་ཕོ་ལན་གྱིས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མཱ་ནི་ཡཱའི་ཙུང་ལི་ཏིན་ཆི་ལེ་ཡིས་ཚེས་དགུའི་ཉིན་འཚམས་འདྲིར་ཡོང་བའི་ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཆཱ་ཕུའུ་ཐའོ་ཝེ་ཆི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་དང་མཉམ་ལས་སྤེལ་བར་གྲོས་བསྡུར་བྱས། 

རོ་མཱ་ནི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བསྟན་དོན། རོ་མཱ་ནི་ཡཱ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་འགའི་རིང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བྱུང་ཡོད་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས། གྲོས་མོལ་བྱེད་སྐབས་ཏིན་ཆི་ལེ་ཡིས་རོ་མཱ་ནི་ཡཱའི་ད་ལོའི་ལོ་སྟོད་ཡོ་རོབ་གླིང་མན་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་བྱ་བའི་གཙོ་གནད་མཚམས་སྦྱོར་བྱས་པ་དང་། རོ་མཱ་ནི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཕེལ་རྒྱས་ལས་གཞིར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱེད་རྒྱུ་ཡིན་ཟེར། ཏིན་ཆི་ལེ་ཡིས་ད་རུང་ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྒྲོམ་གཞི་དང་ཤར་ཕྱོགས་གྲོགས་པོའི་འབྲེལ་བ། པཱ་ཨར་ཀན་ནུབ་མ་སོགས་གནད་དོན་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། 
ཆཱ་ཕུའུ་ཐའོ་ཝེ་ཆི་ཡིས་ཉིན་དེར་ད་རུང་རོ་མཱ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མེ་ལའེ་ཧྲི་ཁཱ་ནོའུ་དང་གྲོས་མོལ་བྱས། ཆཱ་ཕུའུ་ཐའོ་ཝེ་ཆི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕོ་ལན་གྱིས་རོ་མཱ་ནི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པ་དང་། རོ་མཱ་ནི་ཡཱ་ཡིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ལངས་ཕྱོགས་ཀྱི་ཚབ་བྱས་ཏེ་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཟེར། 
ཆཱ་ཕུའུ་ཐའོ་ཝེ་ཆི་ཡིས་བྱང་ཆིངས་རྩ་འཛུགས་བར་གྱི་འབྲེལ་བ་གླེང་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ནི་ཕོ་ལན་དང་རོ་མཱ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་སྲིད་ཇུས་སྲུང་འཛིན་བྱེད་པའི་སྦྲེལ་ཐག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་དང་ཨ་མེ་རི་ཁའི་འབྲེལ་བ་ནི་ས་ཁུལ་རང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འཐབ་ཇུས་རྒྱུ་རྐྱེན་གལ་ཆེན་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།