སོ་ཏི་ཨ་རབ་ཀྱི་རྒྱལ་བོས་ཁཱ་ཐར་གྱི་མགོ་ཁྲིད་པ་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་འཕྲིན་གཏོང་ཁང་གིས་ཚེས་བཞིའི་ཉིན་བཤད་རྒྱུར། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ལ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱི་གདན་ཞུའི་ཡི་གེ་འབྱོར་ཡོད་པ་དང་། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཡོད་ཟེར། 

ཁཱ་ཐར་འཕྲིན་གཏོང་ཁང་གིས་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོས་ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་སྐབས་གདན་ཞུའི་འཕྲིན་ཡིག་སྤྲད་པ་རེད་ཟེར། 

ཁཱ་ཐར་སྲིད་གཞུང་གིས་ཐཱ་མུས་མུའུ་མཐོ་རིམ་གྲོས་ཚོགས་དེར་ཞུགས་མིན་གསལ་བཤད་བྱས་མེད། ད་ལོའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་ཚེས་དགུའི་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཚོགས་མགོ་བརྩམས། 

སོ་ཏི་ཨ་རབ་དང་རྒྱལ་ཁབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱེད་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཁཱ་ཐར་ལ་སྐྱེལ་འདྲེན་གཏན་འགོག་དང་བཀག་སྡོམ་བྱས་པ་རེད། 

སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐེངས་མང་བོར་ནན་གྱིས་བསྟན་དོན། འབྲེལ་ཐག་བཅད་པའི་གནད་དོན་ཞི་འཇགས་སུ་གཏོང་བ་དེ་ཕྱོགས་སོ་སོས་ཐོག་མར་བསམ་བློ་གཏོང་བའི་ཁྱབ་ཁོངས་སུ་ཡོད་པ་དང་། ཁཱ་ཐར་ཕྱི་འབྲེལ་བློན་ཆེན་གྱིས་ཟླ་སྔོན་མར་འབྲེལ་བ་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་མཐོང་མི་ཐུབ་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།