མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ནས་འགྱིག་ཤོག་སྦགས་བཙོག་ལ་རྒོལ་བའི་འགུལ་སྐྱོད་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་ཚེས་བཞིའི་ཉིན་འཛམ་གླིང་ཡོངས་ནས་འགྱིག་ཤོག་སྦགས་བཙོག་ལ་རྒོལ་བའི་འགུལ་སྐྱོད་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། 

ཨེ་སི་ཕིས་ནོའུ་སཱ་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་གཅིག་མ་གཏོགས་བེད་སྤྱོད་བྱས་མི་ཆོག་པའི་འགྱིག་ཤོག་བཅུ་ཆའི་བརྒྱད་མཇུག་མཐར་རྒྱ་མཚོའི་ནང་ཁུར་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ལྔ་བཅུ་ལོའི་བར། རྒྱ་མཚོའི་ཁྲོད་ཀྱི་འགྱིག་ཤོག་དེ་ཉ་རིགས་ལས་བརྒལ་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་གཞུང་སྒྲུབ་ཁང་གིས་ཤུགས་ཆེན་པོས་འཛམ་གླིང་ཡོངས་ནས་འགྱིག་ཤོག་སྦགས་བཙོག་ལ་རྒོལ་བའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཁོ་མོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་སྒྲུབ་ཁང་དུ་ཐེངས་གཅིག་མ་གཏོགས་བེད་སྤྱོད་བྱས་མི་ཆོག་པའི་འགྱིག་ཤོག་ཐོན་རྫས་འབྱུང་མི་སྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་དོན་དེའི་ཐད་ནས་ནང་ཁུལ་གྱི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཡོད་ཟེར། 

ཐེངས་འདིའི་འགུལ་སྐྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་དང་། ཨན་ཐིས་བཀྭའ་དང་པཱ་པུའུ་ཏཱ། ནོར་ཝེ་སོགས་ལས་ཁུངས་དང་རྒྱལ་ཁབ་ཀྱིས་སྤེལ་བ་ཡིན་ཞིང་། དེར་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་སུ་འགྱིག་ཤོག་གི་གད་སྙིགས་ཇེ་ཉུང་དུ་གཏོང་བ་དང་། གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་མཉམ་ལས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་རྒྱུ་དེ་ཡིན་ཟེར། 

ཨན་ཐིས་བཀྭའ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨན་ཐིས་བཀྭའ་དང་པཱ་པུའུ་ཏཱ་ཡིས་འདས་པའི་ལོ་གཉིས་ནང་བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཤོག་ཐོན་རྫས་གཏན་འགོག་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད་ལ། རྒྱལ་ཁབ་གཞན་པས་ཀྱང་རིགས་དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་པར་སྐུལ་ཁྲིད་བྱེད་པའི་རེ་བ་བཏོན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའིི་ནོར་ཝེའི་འཐུས་མི་གཞོན་པ་སི་ཁཱ་ལེ་ཡིས་བཤད་རྒྱུར། བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཤོག་ཐོན་རྫས་དེ་རྒྱ་མཚོ་དང་མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་ཉེན་ཐེབས་སྲིད་པས། འཛད་སྤྱོད་པ་དང་ཁེ་ལས། སྲིད་གཞུང་སོགས་ཀྱིས་གཅིག་གྱུར་གྱི་འགུལ་སྐྱོད་སྤེལ་ཏེ། མིའི་རིགས་ཀྱི་ཐུན་མོང་གི་མ་འོངས་པའི་ཆེད་དུ་དག་གཙང་གི་ཐག་གཅོད་ཇུས་གཞི་བཟང་བོ་ཞིག་འཚོལ་ཞིབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།