ཧྥ་རན་སི་དང་དབྱིན་ཇི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་གིས་འཕུར་མདའི་གཏོང་འཕེན་ཚོད་ལྟ་བྱས་པར་གསང་བའི་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སི་དང་དབྱིན་ཇི་ཡིས་རེ་བ་བཏོན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཞིའི་ཉིན་དབྱི་ལིང་གིས་འཕུར་མདའི་གཏོང་འཕེན་ཚོད་ལྟ་བྱས་པའི་གནད་དོན་ལ་གསང་བའི་གྲོས་མོལ་བྱས། 

ཧྥ་རན་སི་དང་དབྱིན་ཇི་ཡིས་དབྱི་ལིང་གིས་ཚེས་གཅིག་ཉིན་འབྲིང་འཕེན་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པར་སྐྱོན་འཛུགས་བྱས། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པ་ནི་དཀྲུག་འཕེན་རང་བཞིན་ལྡན་དང་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་བཤད་རྒྱུར། དབྱི་ལིང་གི་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས་ཟེར། 

ཨ་མེ་རི་ཁས་དེའི་སྔོན་དབྱི་ལིང་གི་འཕུར་མདའི་གཏོང་འཕེན་ཚོད་ལྟ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་དང་འགལ་ཡོད་པར་སྐྱོན་འཛུགས་བྱས། གྲོས་ཆོད་གཉིས་གཉིས་གསུམ་གཅིག་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དངོས་འབེབ་བྱེད་པའི་འབྲེལ་ཡོད་ཡིག་ཆ་ཞིག་ཡིན་པ་དང་། གྲོས་མཐུན་ནུས་ལྡན་དུ་གྱུར་བ་དང་ལག་བསྟར། ལྟ་རྟོག་སོགོས་ཀྱི་བྱེ་བྲག་གི་ནང་དོན་གཏན་འཁེལ་བྱས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། གྲོས་ཆོད་ལས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་ཁྱེར་ཐུབ་པའི་འཕུར་མདའི་གཏོང་འཕེན་ཚོད་ལྟ་བྱེད་པའི་ཐད་ནས་རང་ཚོད་འཛིན་དགོས་པའི་རེ་བ་བཏོན། དབྱི་ལིང་ཕྱོགས་ཀྱིས་བལྟས་ན། འཕུར་མདའི་ལས་གཞི་དེ་འགོག་སྲུང་རང་བཞིན་གྱི་རིགས་སུ་གཏོགས་པ་དང་། ཉིང་རྡུལ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དེ་དམིགས་ཡུལ་མིན་པར་འདོད། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཞིའི་ཉིན་པུ་ལི་ཧྲི་ཡི་པུའུ་ལུའུ་སེར་ནས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད། གཞན་ཡང་བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་ཚེས་གསུམ་ཉིན་དབྱི་སི་རལ་གྱི་ཙུང་ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་པུའུ་ལུའུ་སེར་ནས་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཕྱོགས་ཡོངས་ནས་ངོ་རྒོལ་བྱེད་པའི་ཆོད་སེམས་ཡོད་པ་བསྐྱར་སྒྲོག་བྱས། 

དེ་ལས་གཞན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་འགོད་ཁང་གི་ཀྲུའུ་རིན། དབྱི་ལིང་ལས་དོན་གྱི་དམིགས་བསལ་འཐུས་མི་ཧུའུ་ཁི་ཡིས་ཕིན་ཕའེ་ཨོ་དང་མཉམ་དུ་པུའུ་ལུའུ་སེར་དུ་འཕུར་བའི་ལམ་བར་ནས་སྤེལ་བའི་ཁ་པར་བརྒྱུད་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། དབྱི་ལིང་ནི་འཛམ་གླིང་སྟེང་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་མཁན་གཙོ་བོ་ཡིན་པ་དང་། དབྱི་ལིང་གིས་འཕུར་མདའི་གཏོང་འཕེན་ཚོད་ལྟ་བྱེད་པའི་ལས་གཞི་དེ་འགོག་སྲུང་གི་ཆེད་དུ་མིན་པ་ནན་བཤད་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།