མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཚེས་གསུམ་ཉིན་བྱ་འགུལ་སྤེལ་ཏེ། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོར་རྗེས་དྲན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་བཟོད་སྒོམ་ལྡན་ཞིང་འདྲ་མཉམ་དང་། རྒྱུན་མཐུད་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཞུ་ཚིག་ཕུལ་ཏེ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དམིགས་འབེན་ཞིག་ནི་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་བཏང་སྟེ། དབང་བོ་སྐྱོན་ཅན་དང་བཅས་པའི་མི་ཚང་མ་འདྲ་མཉམ་གྱིས་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་བྱ་འགུལ་ནང་ཞུགས་སུ་འཇུག་པ་དེ་ཡིན། དེ་བས་རྒྱལ་ཁབ་སོ་སོས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། དབང་བོ་སྐྱོན་ཅན་གྱི་འབོད་སྐུལ་དང་སེམས་ཁུར་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གྲོས་གཞིའི་ནང་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་སྤེལ་བའི་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན། དབང་བོ་སྐྱོན་ཅན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མང་ཆེ་བ་དངོས་འབེབ་བྱེད་སྐབས་ཉམས་ཞན་གྱི་གནས་སུ་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ་བཟོད་སྒོམ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་སྔར་ལས་མང་བའི་དབང་བོ་སྐྱོན་ཅན་ལ་ཁེ་ཕན་ཐོབ་པར་བརྩོན་བཞིན་ཡོད་ཟེར། 

གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོའི་ཟླ་བཅུ་བར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་ཞེ་བདུན་པ་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་དེ་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོང་གཏན་འཁེལ་བྱེད་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།