ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ཚར་གཅོད་བྱེད་རྒྱུ་རེད།

20181130094250S0i6.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན། ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་སི་རི་ཡཱའི་གནད་དོན་གྱི་ཞི་བདེའི་གྲོས་མོལ་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་གྲོལ། གྲོས་མོལ་ལ་ཞུགས་པའི་ཨུ་རུ་སི་དང་དབྱི་ལིང་། ཐུར་ཁེ་བཅས་ཀྱི་འཐུས་མིས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ཚར་གཅོད་བྱེད་རྒྱུ་ཡིན་ཟེར། 

ཐེངས་འདིའི་གྲོས་མོལ་ལ་ཞུགས་མཁན་ལ་ཨུ་རུ་སི་དང་དབྱི་ལིང་། ཐུར་ཁེ། སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ། སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་འཐུས་ཚབ་ཚོགས་པ་བཅས་ཡོད། ལྟ་ཞིབ་པ་ཡིན་པའི་ཆ་ནས་གྲོས་མོལ་ལ་ཞུགས་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་དང་ཅོར་ཏན་འཐུས་ཚབ་ཚོགས་པ་གཉིས་ཡོད། གྲོས་མོལ་གྱི་ནང་དོན་གཙོ་བོར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་དང་བཟུང་དམག་བརྗེ་སྤོར། ཡུལ་གྱར་བ། དེ་མིན་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པ་སོགས་གནད་དོན་འདུས། 

ཨུ་རུ་སི་དང་དབྱི་ལིང་། ཐུར་ཁེ་བཅས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། སི་རི་ཡཱ་ཡིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་དང་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་དགོས་གལ་རང་བཞིན་ནན་བཤད་བྱས། རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དབང་བསྡུའི་འཐབ་ཕྱོགས། རྟེན་གཞིའི་རྩ་འཛུགས་སོགས་འཇིགས་སྐུལ་ཐལ་སྤྱོད་རྩ་འཛུགས་བར་གྱི་འབྲེལ་ཐག་རྩ་བ་ནས་གཅོད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་ད་རུང་ནན་གྱིས་བསྟན་དོན། དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དམག་དོན་ས་ཁུལ་མིན་པའི་ས་ཁུལ་འཛུགས་པའི་འགུལ་སྐྱོད་དེས་གནས་ཚུལ་གང་རུང་འོག་ཏུ་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་གནོད་པ་ཐེབས་མི་སྲིད་ཟེར། རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་མངའ་ཁོངས་ཀྱི་ཁ་བྲལ་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ཆམ་ཕབ་བཏང་སྟེ། འཇིགས་སྐུལ་ལ་ཁ་གཡར་ནས་སི་རི་ཡཱ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གཏོར་བརླག་བྱེད་པ་དང་། སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་དག་གི་བདེ་འཇགས་ལ་གནོད་པ་བཟོ་བའི་གཡོ་ཇུས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པའི་བྱ་བར་ཡར་སྐུལ་བཏང་སྟེ། རིམ་པ་སོ་སོའི་གྲོས་མོལ་ལ་ཤུགས་སྣོན་བྱེད་རྒྱུ་རེད། 

སི་རི་ཡཱའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཅཱ་ཧྥ་ལི་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་ཀྱི་དམག་དཔུང་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། གལ་ཏེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐུར་ཁེའི་དམག་དཔུང་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་དུ་འཇུག་མ་ཐུབ་ན། སི་རི་ཡཱ་ཡིས་བྱེད་ཐབས་གཞན་པ་སྤྱོད་ངེས་ཡིན། གལ་ཏེ་ཐུར་ཁེ་ཡིས་དོན་ངོ་མར་སི་རི་ཡཱ་ལ་རོགས་རམ་བྱེད་འདོད་པ་ཡིན་ན། ཁྲིམས་འགལ་གྱིས་སི་རི་ཡཱའི་མངའ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་དམག་དཔུང་དག་ཕྱིར་འཐེན་བྱེད་དུ་འཇུག་དགོས་ཟེར། 

ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གྲོས་མོལ་བྱས་རྗེས་ཁྱབ་སྒྲོག་བྱས་དོན། སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་གྲོས་མོལ་དེ་སང་ལོའི་ཟླ་གཉིས་པའི་ཟླ་མགོ་དང་ཡང་ན་ཟླ་དཀྱིལ་དུ་ཨ་སི་ཐཱ་ནཱ་ནས་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།