ཧན་གོ་དང་ཨ་མེ་རི་ཁས་མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་བདེན་དཔང་བྱས་དོན། ཧན་གོ་དང་ཨ་མེ་རི་ཁས་ཉིན་དེར་མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧན་གོའི་ཆིན་ཧྲང་བྱང་ལམ་གྱི་ཕུའུ་ཞང་ས་ཁུལ་དུ་སྤེལ་བ་དང་། ཡུན་ཚད་གཟའ་འཁོར་གཉིས་རེད། ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་དམག་མི་ལྔ་བརྒྱ་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དེའི་ནང་འཇར་པན་ཁྲོན་ཧྲིན་གྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ིནས་ཡོང་བའི་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་མི་སྣ་འདུས། དམག་དོན་སྦྱོང་བརྡར་སྐབས་སུ་མཚོ་སྐམ་གཉིས་སྤྱོད་ཀྱི་འཁྲབ་ལྡན་རླངས་འཁོར་སོགས་སྒྲིག་ཆས་བེད་སྤྱོད་བྱེད་རྒྱུ་རེད་ཟེར། 

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཧན་གོ་དང་ཨ་མེ་རི་ཁས་ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་འགྲོ་བའི་གནས་བབ་འོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་རྗེས། ཐོག་དང་པོར་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་ཡིན་ཟེར། 

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཚོས་ཞན་ཀྲུའུ་ཡིས་ཚེས་ལྔ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་དེའི་སྔོན་གྱི་འཆར་གཞི་ལྟར་ན། དམག་དཔུང་གཉིས་ཀྱིས་བརྒྱ་ཤོག་རིམ་པ་དང་དེའི་མན་གྱི་རིམ་པའི་གཞི་རྒྱ་ཆུང་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་བཞག་མེད་པ་དང་། མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་འཆར་གཞི་ལྟར་རྒྱུན་ལྡན་ངང་སྤེལ་ཆོག་པའི་དམག་དོན་སྦྱོང་བརྡར་རིགས་སུ་གཏོགས་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།