དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་བཀག་སྡོམ་ལས་དབྱི་ལིང་གིས་མ་བཅོས་རྡོ་སྣུམ་གྱི་ཕྱིར་གཏོང་མཚམས་འཇོག་ཏུ་འཇུག་མི་སྲིད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁས་ཚེས་ལྔ་ཉིན་ནས་བཟུང་དབྱི་ལིང་ལ་སྐོར་ཐེངས་གསར་བའི་དཔལ་འབྱོར་བཀག་སྡོམ་བྱེད་རྒྱུ་ཐག་བཅད་ཀྱང་། དབྱི་ལིང་གིས་མུ་མཐུད་དུ་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་པ་དང་རྒྱལ་སྤྱིའི་ཚོང་རའི་སྟེང་ཕྱིར་འཚོང་བྱེད་རྒྱུ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། དབྱི་ལིང་གིས་བྱེད་ཐབས་འོས་འཚམ་སྤྱད་དེ་ཨ་མེ་རི་ཁས་དབྱི་ལིང་ལ་སྤྱད་པའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། དབྱི་ལིང་གིས་ཕྱི་ཡོང་དྲག་ཤུགས་དྲག་གནོན་དང་འཇིགས་ཉེན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དབྱི་ལིང་མི་དམངས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་སྤྱི་ཚོགས་ཀྱི་གཏན་འཇགས་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། ཨ་མེ་རི་ཁས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་དབང་ཆ་མེད་པར་བཏང་ཡང་། དབྱི་ལིང་གིས་སྔར་བཞིན་རྒྱལ་སྤྱིའི་ཚོང་རའི་ནང་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་ནུས་པ་ཡོད་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།