ཨུ་རུ་སི་དང་ཁུ་པཱ་ཡིས་དབང་བཙན་ཆབ་སྲིད་དང་ཕྱོགས་གཅིག་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཁུ་པཱའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏིས་ཡཱ་སི་ཁཱ་ནེ་ཨར་དང་གྲོས་མོལ་བྱས་ཏེ་བསྟན་དོན། ཨུ་རུ་སི་དང་ཁུ་པཱ་ཡིས་དབང་བཙན་ཆབ་སྲིད་དང་ཕྱོགས་གཅིག་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཁུ་པཱ་ཡིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གལ་ཆེན་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད། དེའི་ནང་བདག་དབང་དང་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ་དང་། དབང་བཙན་ཆབ་སྲིད་དང་ཕྱོགས་གཅིག་བཀག་སྡོམ། ནང་སྲིད་ལས་དོན་ལ་ཐེ་གཏོགས་བྱེད་པ་བཅས་ལ་ངོ་རྒོལ་བྱེད་པ་སོགས་འདུས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཁུ་པཱའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་། དུག་རྫས་ལྐོག་འཚོང་བྱེད་པ་སོགོས་ཀྱི་འཇིགས་ཉེན་ལ་ཆམ་ཕབ་བཏང་ནས། མཉམ་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར། ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བསྟན་དོན། ཁུ་པཱ་དང་ཨུ་རུ་སི་ལ་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་ལྡན་པ་དང་། ནུས་ཁུངས་དང་འགྲིམ་འགྲུལ། གསེར་བཙོ་སྦྱངས་སོགས་ཁྱབ་ཁོངས་ཀྱི་ཐུན་མོང་ལས་གཞིར་སྦས་ཤུགས་ཆེན་པོ་ཡོད། ཁུ་པཱ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སིའི་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

ཕུའུ་ཅིན་དང་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཉིན་དེར་ད་རུང་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་དངུལ་ལོར་བཀག་སྡོམ་མཇུག་སྒྲིལ་སྐུལ་མ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གསུམ་པས་ཉེ་སྔོན་གྲོས་མཐུན་བཀོད་པའི་འབྲེལ་ཡོད་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།