ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མི་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྲིད་གཞུང་གི་གྲོས་ཆོད་བཀོད་དེ། ཨུ་རུ་སི་ཡིས་ཉིན་དེ་ནས་བཟུང་ཝུའུ་ཁི་ལན་གྱི་མི་སྒེར་དང་ཁྲིམས་མི་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཨུ་རུ་སིའི་སྲིད་གཞུང་གིས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གྲོས་ཆོད་ལྟར་ན། ཉིན་དེ་ནས་བཟུང་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མི་སྒེར་སུམ་བརྒྱ་དང་ཉེར་གཉིས་དང་། ཁྲིམས་མི་རེ་བརྒྱད་ལ་དམིགས་བསལ་གྱི་དཔལ་འབྱོར་བྱེད་ཐབས་ལག་བསྟར་བྱས་ཏེ། དེ་དག་གི་ཨུ་རུ་སི་རུ་ཡོད་པའི་རྒྱུ་ནོར་བཀག་ཉར་བྱེད་རྒྱུ་རེད། 
གྲོས་ཆོད་ལས་བཤད་རྒྱུར། གོང་གི་བྱེད་ཐབས་དེའི་དམིགས་ཡུལ་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་སྤྱི་དམངས་དང་ཁྲིམས་མི་ལ་མཛའ་མཐུན་མིན་པའི་བྱ་སྤྱོད་སྤེལ་བར་རྒོལ་ལན་སྤྲོད་པའི་ཆེད་རེད། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་སྤྱི་དམངས་དང་ཁྲིམས་མིའི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་ན། ཨུ་རུ་སིའི་སྲིད་གཞུང་གིས་དམིགས་བསལ་གྱི་དཔལ་འབྱོར་བྱེད་ཐབས་དེ་རྩིས་མེད་དུ་གཏོང་ངེས་ཡིན་ཟེར། 
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ལ་ཚད་ལས་བརྒལ་བའི་མཛའ་མཐུན་མིན་པིའ་བྱ་སྤྱོད་སྤེལ་བས། ཨུ་རུ་སི་ཡིས་དེ་ལྟར་རྒོལ་ལན་སྤྲད་པ་ཡིན་ཟེར། 
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་བཀོད་པའི་བཀའ་རྒྱ་ལྟར་ན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་དམིགས་བསལ་དཔལ་འབྱོར་བྱེད་ཐབས་སྤྱད་དེ། ཝུའུ་ཁི་ལན་ཕྱོགས་ཀྱི་མཛའ་མཐུན་མིན་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་པ་དང་། འབྲེལ་ཡོད་མིང་ཐོ་དང་བྱེ་བྲག་གི་བྱེད་ཐབས་ཨུ་རུ་སིའི་སྲིད་གཞུང་གིས་གཏན་འབེབས་བྱེད་རྒྱུ་ཡིན་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།