ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཐུར་ཁེ་བཅས་ཀྱིས་སི་རི་ཡཱའི་གནད་དོན་ཐད་ནས་མཐོ་རིམ་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཐུར་ཁེ་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་སི་རི་ཡཱའི་གནད་དོན་ཐད་ནས་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་བསྡུས། ཕྱོགས་སོ་སོས་གཅིག་གྱུས་སྒོས་བལྟས་ན། སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བཅས་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཕུའུ་ཅིན་གྱིས་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཐོ་རིམ་གྲོས་ཚོགས་དེ་དངོས་གཉེར་གྱི་སྣང་ཚུལ་འོག་བདེ་བླག་ངང་སྤེལ་བ་ཡིན། ཕྱོགས་སོ་སོས་སི་རི་ཡཱའི་གནད་དོན་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པའི་ཐད་ནས་ནན་ཏན་གྱིས་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། མཐོ་རིམ་གྲོས་ཚོགས་གྲོལ་རྗེས་ཕྱོགས་སོ་སོས་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་བཞི་ཡིས་སི་རི་ཡཱའི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ནན་བཤད་བྱས། སི་རི་ཡཱའི་གནད་དོན་དེ་དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་སི་རི་ཡཱའི་འཁྲུག་རྩོད་རྒྱ་ཡན་དུ་སོང་ནས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་གཏན་འཇགས་ཐད་འཇིགས་ཉེན་བཟོ་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། གསལ་སྒྲོག་ལས་སི་རི་ཡཱའི་ཕྱོགས་ཁག་གང་རུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱེད་པར་ངོ་རྒོལ་བྱེད་པ་ནན་བཤད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕུའུ་ཅིན་གྱིས་ཕྱོགས་ཁག་སོ་སོས་ཨུ་རུ་སི་ཡིས་བཏོན་པའི་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐད་ནས་རྒྱལ་སྤྱིའི་གྲོས་ཚོགས་སྤེལ་བའི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། མཱ་ཁི་ལུང་གིས་བཤད་རྒྱུར། དམག་དོན་ལ་བརྟེན་ནས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དཔུང་འཇུག་བྱས་ན་འཇིགས་སྐུལ་རིང་ལུགས་ཡུལ་གཞན་དུ་འབྲོ་བའི་ཉེན་ཁ་དང་སྐོར་ཐེངས་གསར་བའི་ཡུལ་གྱར་བ་འབྱུང་བའི་ཉེན་ཁ་ཇེ་དྲག་ཏུ་གཏོང་སྲིད་ཟེར། མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་མགོ་རྩོམ་པར་སི་རི་ཡཱའི་མི་དམངས་ཡོངས་ལ་དམིགས་པའི་རང་དབང་དང་དྲང་བདེན་གྱི་འདེམ་བསྐོའི་བྱ་འགུལ་ཞིག་སྤེལ་དགོས་ཟེར། ཨེ་ཨར་ཏའོ་ཨན་གྱིས་སི་རི་ཡཱ་ཡིས་མྱུར་མོར་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འཛུགས་གྲུབ་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།