ཨུ་རུ་སིའི་ཙུང་ལིའི་ལས་རོགས་པས་ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་ཟླ་བཅུ་གཅིག་པར་ཕཱ་རེ་སི་ནས་གྲོས་མོལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཟླ་བཅུ་གཅིག་པར་ཕཱ་རེ་སི་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཟླ་བཅུ་གཅིག་པར་ཕཱ་རེ་སི་རུ་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་སྐབས་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། དེའི་སྔོན་གྱི་གྲོས་མོལ་ནི་གཞི་རྒྱ་ཆེ་རྒྱུ་མེད་པའི་སྤྱིར་བཏང་གི་གྲོས་མོལ་ཞིག་ཡིན་ཟེར། ཕུའུ་ཅིན་དང་པའོ་ཨར་ཏོན་གྱིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་རིམ་པ་སྔར་ལས་མཐོ་བའི་འབྲེལ་འདྲིས་བྱ་འགུལ་མང་དུ་སྤེལ་བའི་ཐད་ནས་གྲོས་བསྡུར་བྱས་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱི་ཕྱོགས་ནས་དཀའ་ཁག་ཆེན་པོ་འཕྲད་ཡོད་ཀྱང་། པའོ་ཨར་ཏོན་གྱི་ཐེངས་འདིའི་འགྲུལ་བཞུད་ལས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཨུ་རུ་སིའི་ཕྱོགས་བར་ཆབ་སྲིད་གྲོས་མོལ་བྱེད་འདོད་ཡོད་པ་མཚོན་ཡོད་ལ། ཨུ་རུ་སིའི་ཕྱོགས་ལའང་དེར་མཚུངས་ཀྱི་རེ་འདུན་ཡོད་ཟེར། 

པའོ་ཨར་ཏོན་ཚེས་ཉེར་གཅིག་ཉིན་མའོ་སི་ཁི་རུ་འབྱོར་ནས། ཨུ་རུ་སི་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོས་སྔ་གཞུག་ཏུ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་སོགས་ལ་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་སི་རི་ཡཱ་དང་ཨ་ཧྥུའུ་ཧན་གྱི་གནས་བབ། འབྲིང་འཕེན་འཕུར་མདའི་ཆིངས་ཡིག ཉིང་རྡུལ་དམག་དཔུང་ཉུང་འཕྲི་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།