ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་ནི་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་གོམ་རིམ་དང་པོ་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས་དགུའི་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་ནི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་གོམ་རིམ་དང་པོ་ཡིན་པ་དང་། དུས་རབས་ཀྱི་རེ་བའང་ཡིན། ད་ལྟ་ཁྲའོ་ཞན་དང་ཨ་མེ་རི་ཁ་འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་སྤེལ་བའི་དུས་རིམ་དུ་བསྐྱོད་པའི་དུས་ལ་བབས་ཡོད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ཁྲའོ་ཞན་འཐབ་འཁྲུག་དབང་གིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་དེ་དགྲར་འཛིན་གྱི་འབྲེལ་བར་གྱུར་ཡོད། འཐབ་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་ཡོད་ཀྱང་། ཁྲའོ་ཞན་དང་ཨ་མེ་རི་ཁ་ལག་རྩལ་ཐད་ནས་བརྗོད་ན་སྔར་བཞིན་འཐབ་འཁྲུག་གི་རྣམ་པར་གནས་ཡོད། དེ་བས་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་མི་ཆེས་པ་དང་དགྲར་འཛིན་གྱི་འབྲེལ་བ་སྲུང་འཛིན་བྱས་ཡོད། སིང་ག་ཕོར་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ནི་ཁྲའོ་ཞན་དང་ཨ་མེ་རི་ཁའི་དགྲར་འཛིན་འབྲེལ་བ་མཇུག་སྒྲིལ་བ་དང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རླབས་ཆེན་དམིགས་འབེན་དེ་འདྲ་བཅངས་ནས་སྤེལ་བ་རེད་ཟེར། 
རྩོམ་ཡིག་ལས་བཤད་རྒྱུར། འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་ནི་ཁྲའོ་ཞན་ཕྱེད་གླིང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་གོམ་རིམ་དང་པོ་ཡིན། གལ་ཏེ་འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་སྤེལ་ཏེ། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་དམག་དོན་དགྲར་འཛིན་རྣམ་པ་མཇུག་སྒྲིལ་དུ་བཅུག་ནས། ཡིད་ཆེས་འཛུགས་པར་ཕན་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར། 
གཞན་ཡང་བསྒྲགས་པ་ལྟར་ན། དེའི་སྔོན་སིང་ག་ཕོར་ནས་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་སྐབས་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་ཡིས་ཨ་མེ་རི་ཁས་ཁྲའོ་ཞན་ལ་མུ་མཐུད་དུ་བཀག་སྡོམ་བྱས་པ་དང་ཁྲའོ་ཞན་གྱིས་ཁྲའོ་ཞན་འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་སྤེལ་བའི་སྐོར་གྱི་འབོད་སྐུལ་དང་ལེན་མ་བྱས་པར་སྐྱོན་བརྗོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།