ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་བརྒྱུད་གཅིག་ལམ་གཅིག་ལ་འཛམ་གླིང་ཡང་བསྐྱར་བཞེངས་སྐྲུན་བྱེད་པའི་སྦས་ཤུགས་ལྡན་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཚེས་དགུའི་ཉིན་པེ་ཅིང་ནས་བཤད་རྒྱུར། ལོ་རྒྱུས་སྟེང་ཤར་ནུབ་ཕྱོགས་གཅིག་ཏུ་སྦྲེལ་བའི་དར་གོས་ཚོང་ལམ་གྱིས་འཛམ་གླིང་གི་དེང་རབས་ཅན་ལ་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པ་དང་། དེང་སྐབས་ཀྲུང་གོས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་ཇུས་གཞིར་འཛམ་གླིང་ཡང་བསྐྱར་བཞེངས་སྐྲུན་བྱེད་པའི་སྦས་ཤུགས་ལྡན་ཟེར།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས་བཅུའི་ཉིན་པེ་ཅིང་ནས་ཚོགས་རྒྱུ་རེད། གྲོས་ཚོགས་མ་འཚོགས་གོང་། ཀའེ་ཐི་ཡིས་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་ནས་གཏམ་བཤད་སྤེལ། ཁོས་བསྟན་དོན། ཤོག་བཟོའི་ལག་རྩལ་དང་ཕྱོགས་སྟོན་འཁོར་ལོ་སོགས་ཀྲུང་གོའི་སྔོན་ཐོན་ལག་རྩལ་དང་གསར་གཏོད་དག་ཨ་རབ་ས་ཁུལ་བརྒྱུད་དེ་ཡོ་རོབ་གླིང་དུ་དར་བ་དང་། གསར་གཏོད་གྲུབ་འབྲས་གཞན་དག་དང་མཉམ་དུ་ཡོ་རོབ་གླིང་གི་བསྐྱར་དར་རྣམ་པ་བསྐྲུན་པ་རེད། དེང་སྐབས་ཀྲུང་གོས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་ཇུས་གཞིར་འཛམ་གླིང་ཡང་བསྐྱར་བཞེངས་སྐྲུན་བྱེད་པའི་སྦས་ཤུགས་ལྡན་ཟེར།

ཀའེ་ཐི་ཡིས་བཤད་རྒྱུར། བརྒྱུད་གཅིག་ལམ་གཅིག་གི་ཇུས་གཞི་ནི་གསོན་ཤུགས་ལྡན་པའི་དཔལ་འབྱོར་འཆར་གཞི་ཙམ་མ་ཡིན་པར། དུས་རབས་འགའི་རིང་རྒྱུན་ཆད་པའི་ལོ་རྒྱུས་འཕེལ་རིམ་སླར་གསོ་བྱེད་པའི་ཐབས་ཤིག་ཡིན། འཕེལ་རིམ་དེ་དཔལ་འབྱོར་མཉམ་ལས་ཁོ་ནར་རྐང་བཙུགས་པ་ཞིག་མ་ཡིན་པར་རིག་གནས་བརྗེ་རེས་དང་ཆབ་སྲིད་ཡིད་ཆེས་ཐད་ལའང་ཤུགས་འདོན་ཐུབ་ཟེར།

ཀའེ་ཐི་ཡིས་ཀྲུང་གོ་དང་ཨ་རབ་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་མ་འོངས་པའི་མཉམ་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཇུས་གཞི་དང་ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་གཞི་ཚད་མཐོན་པོས་གཅིག་མཐུན་བྱུང་ཡོད་པར་འདོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།