འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཡང་བསྐྱར་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་ཆེད་མཉམ་ལས་ཟབ་མོ་བྱེད་རྒྱུ་ཁས་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཁྲའོ་ཞན་གྱི་འཚམས་འདྲི་མཇུག་སྒྲིལ་རྗེས། ཚེས་བརྒྱད་ཉིན་ཏུང་ཅིན་ནས་སྤེལ་བའི་འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས། ཕིན་ཕའེ་ཨོ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་བཅས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཡང་བསྐྱར་མུ་མཐུད་དུ་མཉམ་ལས་ཟབ་མོ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ཚེས་བརྒྱད་ཉིན་གྱི་སྔ་དྲོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས། ཨན་པའེ་ཅིན་སན་གྱིས་བསྟན་དོན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་དང་འཕུར་མདའ། མི་གཏའ་བཙན་ཁྲིད་སོགས་གནད་དོན་ཐག་གཅོད་བྱེད་པ་དེ་འཇར་པན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཞོར་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལའང་ཤུགས་རྐྱེན་ཆེན་པོ་ཡོད་ཟེར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཁྲོད་མི་གཏའ་བཙན་ཁྲིད་ཀྱི་གནད་དོན་གླེང་བར་བཀའ་དྲིན་ཞུས་པ་དང་། འཇར་པན་དང་ཨ་མེ་རི་ཁས་ཕྱིན་ཆད་གནད་དོན་དེའི་ཐད་ནས་མཉམ་ལས་ཟབ་མོ་བྱེད་རྒྱུའི་ཚུལ་བསྟན།

དེའི་རྗེས་སུ་བསྡུས་པའི་འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་། ཕིན་ཕའེ་ཨོ་ཡིས་ཐེངས་འདིའི་ཁྲའོ་ཞན་གྱི་འགྲུལ་བཞུད་ཐད་ནས་ཁྲའོ་ཞན་བར་གྱི་གྲོས་མོལ་ནང་དོན་ལ་གསལ་བཤད་བྱས་པར་མ་ཟད། ཁྲའོ་ཞན་གྱས་ཉིང་རྡུལ་ནུས་པ་བསྐྱུར་བའི་དུས་ཚོད་ཐད་གྲོས་མོལ་བྱས་པར་གྲུབ་འབྲས་ངེས་ཅན་ཐོབ། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བསྐྱར་སྒྲོག་བྱས་དོན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོནའ་གྱུར་བྱེད་ཆེད། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་གྱི་རྨང་གཞིའི་སྟེང་། མུ་མཐུད་དུ་ཕྱོགས་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཇུག་མཐར་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་གྲོས་མོལ་སྐབས་བཏོན་པའི་དམིག་འབེན་མངོན་འགྱུར་བྱེད་དགོས་ཟེར།

འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕིན་ཕའེ་ཨོ་ཡིས་བསྟན་དོན། ཁྲའོ་ཞན་གྱིས་ངེས་པར་དུ་ཉིང་རྡུལ་མེད་པར་གཏོང་བའི་དམ་བཅའ་ཡོངས་འགྲུབ་བྱེད་དགོས་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ཞིབ་བཤེར་བྱས་ཆོག་པའི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱ་བ་ཡོངས་འགྲུབ་བྱེད་རག་བར་དུ་ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། ཧི་ཡེ་ཐེ་ལིང་གིས་བསྟན་དོན། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་ཆེད་རྒྱལ་ཁབ་གསུམ་གྱིས་ཕྱིན་ཆད་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད་པ་ཡང་བསྐྱར་ཁས་ལེན་བྱས་ཡོད་ཟེར། འཇར་པན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་བར་མཐུན་སྦྱོར་གཅིག་གྱུར་བྱས་ཏེ། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་ཁྲའོ་ཞན་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཕིན་ཕའེ་ཨོ་ཚེས་བདུན་ཉིན་གྱི་དགོང་མོར་འཇར་པན་དུ་འཚམས་འདྲིར་ཡོང་བ་དང་། དེ་ནི་ཁོས་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་འཇར་པན་དུ་འཚམས་འདྲིར་ཡོང་བ་རེད། དེའི་སྔོན་ཁོས་ཁྲའོ་ཞན་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།