དབྱི་སི་རལ་གྱི་ཙུང་ལིས་ཉེན་རྟོག་ཕྱོགས་ཀྱི་རྟོག་ཞིབ་དང་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱི་སྐོར་ཐེངས་གསར་པའི་རྟོག་ཞིབ་དང་ལེན་བྱས་པ་དང་། རྟོག་ཞིབ་ཀྱི་ནང་དོན་ལ་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཉོ་སྡུད་ཐད་ནས་གནས་ཚུལ་རྫུན་བཟོ་བྱས་པའི་གྱོད་གཞི་དང་ཁོ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བའི་བརྗེ་རེས་གྱོད་གཞི་སོགས་ཡོད།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཙུང་ལིའི་བཞུགས་ཤག་ནས་ནེ་ཐ་ཉི་ཡ་ཧུའུ་ལ་དུས་ཚོད་དྲུག་ཙམ་གྱི་རིང་འདྲི་རྩད་རྟོག་ཞིབ་བྱས། ངོ་རྒོལ་བྱེད་མཁན་རྣམས་ཙུང་ལིའི་བཞུགས་ཤག་གི་ཕྱི་རོལ་དུ་འདུས་ནས། ནེ་ཐ་ཉི་ཡ་ཧུའུ་སྲིད་སྟེགས་ལས་འབབ་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་སྨྱན་ལམ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ནི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཐོག་དང་པོར་གྱོད་གཞི་ཨང་སུམ་སྟོང་པའི་ཐད་ནས་འདྲི་རྩད་དང་ལེན་བྱས་པ་རེད་ཟེར།

གྱོད་གཞི་དེའི་ཁྲོད་དུ། དབྱི་སི་རལ་གྱི་རྒྱལ་སྲུང་སྡེ་ཁག་གི་དཔོན་རིགས་མང་པོ་དང་ནེ་ཐ་ཉི་ཡ་ཧུའུ་ལ་བློ་དཀར་བའི་མི་འགས་འཇར་མན་ནས་ཆུར་འཛུལ་གྲུ་གཟིངས་སོགས་དམག་སྤྱོད་གྲུ་གཟིངས་ཉོ་སྐབས་ལྐོག་རྔན་ཟོས་པར་དོགས་སློང་བྱས་ཡོད། དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་གསལ་བསྒྲགས་སྤེལ་ནས། ནེ་ཐ་ཉི་ཡ་ཧུའུ་ཡིས་སྐབས་དེར་གྲུ་གཟིངས་དེ་དག་ནི་དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གལ་ཆེ་བར་དམིགས་ནས་ཉོ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།